བོད་མིའི་བྱུང་ཚུལ་སྐོར།

ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-04-17 10:57:17      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        བོད་མིའི་བྱུང་ཚུལ་སྐོར།

  ཐོག་མར་རང་རེ་བོད་ཀྱི་ཡུལ་དང་བོད་མི་ཇི་ལྟར་བྱུང་བའི་ཐད་ལ་སྔར་གྱི་ལོ་རྒྱུས་དང་ཆོས་འབྱུང་སོགས་སུ་ཤོད་སྟངས་མི་འདྲ་བ་ཅི་རིགས་ཤིག་བྱུང་ཡོད་ཀྱང་དེ་འདྲ་ནི་བོད་ཀྱི་ལོ་རྒྱུས་ཙམ་མ་ཟད་འཛམ་གླིང་རྒྱལ་ཁབ་མང་པོའི་ལོ་རྒྱུས་དང་ཆོས་ལུགས་འདྲ་མིན་གྱི་ནང་དུ་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་སོགས་ཡ་མཚན་ཅན་གྱི་ཤོད་ཚུལ་ཇི་སྙེད་ཅིག་བྱུང་མྱོང་ཡོད་པ་རེད། དེང་སྐབས་ཚན་རིག་གི་ཤོད་ཚུལ་ལ་མི་ནི་སྤྲ་ལས་བྱུང་བ་ཡིན་ཚུལ་བཤད་པ་ལ་ཀུན་གྱིས་ཆ་འཇོག་བྱེད་པ་རེད། དེ་འདྲ་ཡིན་ན་བོད་ཀྱི་ལོ་རྒྱུས་སུ་བོད་མི་ནི་སྤྲེལ་ལས་བྱུང་བ་ཡིན་ཚུལ་བཤད་ཡོད་པས་སྤྲ་དང་སྤྲེལ་གྱི་ཁྱད་ཙམ་ལས་མེད་པས་ཤོད་ཚུལ་དེའང་ཚན་རིག་དང་མཐུན་ཙམ་ཡོད་པ་མ་རེད་དམ། རང་རེ་བོད་ཀྱི་ཡུལ་དང་མི་ཇི་ལྟར་བྱུང་ཚུལ་སྐོར་ལ་ལོ་རྒྱུས་སྨྲ་བ་ཀུན་གྱི་གཙུག་རྒྱན་འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་ལས། “དེ་ལ་བཅོས་མ་ལ་དགའ་བ་ཁ་ཅིག་གིས་དམ་པ་སངས་རྒྱས་ཀྱིས་བོད་དུ་བྱོན་པའི་དང་པོ་བོད་ཆུ་ཡིས་གང་། གཉིས་པ་ལ་ཆུ་བྲི་ཞིང་རྩི་ཤིང་ནགས་ཚལ་དང་ཤ་རྐྱང་ཐོ་རེ་བ་ཡོད་ཟེར་བ་ལ་སོགས་པ་ཡོད་མོད་ཀྱི། བརྒྱུད་པ་ཕྱི་མ་རྣམས་ཀྱི་ཡི་གེ་ལས། དམ་པས་སྐུ་ཚེ་ལྔ་བརྒྱ་དང་བཅུ་བདུན་བཞེས་པ་ན་དིང་རིར་ཞི་བར་གཤེགས་པར་འཆད་དེ། གཏམ་སྔ་མ་དེ་ནི་བློ་བྱས་འབའ་ཞིག་གོ །བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པས་གནོད་པ་མེད་ཅིང་།”ཞེས་སོགས་རྒྱས་པར་གསུངས་པ་ནི་ཚིག་ཉུང་ངུ་ཞིག་གིས་དོན་རྒྱ་ཆེ་བ་དང་གྲངས་མང་བའི་འགག་སྒོ་ལས་སྒྲོལ་བའི་མན་ངག་རྨད་དུ་བྱུང་བ་ཞིག་གོ །དེ་བཞིན་ད་ལྟ་ཕྱི་རྒྱལ་དུ་བཞུགས་པའི་བོད་ཀྱི་མཁས་དབང་ནམ་མཁའི་ནོར་བུས་ཀྱང་། “འཇིག་རྟེན་མགོན་དེས་རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །ཕྱག་ན་པདྨོས་གངས་ལྗོངས་འདུལ་བར་ཞལ་གྱིས་བཞེས་གང་དྲིན་ཆེ་ཡང་། །དཀར་ནག་རྒྱ་དང་ཞང་ཞུང་ཀུན་ཏུ་ཤེས་རིག་དེ་ཙམ་རྒྱས་པའི་དུས། །བོད་ཀྱི་སྤྲེལ་རྒན་རྔ་མ་མ་ཆད་རྗེས་སུ་ལུས་པ་ཅི་ཡིས་ནོངས། །”ཞེས་གསུངས་འདུག་པའང་རྒྱུ་མཚན་ཅན་གྱི་གསུང་དུ་སྣང་། སྤྱིར་ལོ་རྒྱུས་གང་འདྲ་ཞིག་ཡིན་ཡང་ལུང་རིགས་གཉིས་དང་མི་འགལ་བ་དང་། ཚན་རིག་དང་ཡང་མཐུན་པ་ཞིག་དགོས་ཀྱང་མཐའ་གཅིག་ཏུ་དེ་འདྲ་ཡོང་བའི་ངེས་པའང་མེད་དེ། གུང་རུ་རྒྱལ་མཚན་བཟང་པོས་གསུང་ལས། “གཏམ་རྣམས་ཕལ་ཆེར་འདོད་པའི་ཕྱོགས་ནས་འབྱུང་། །”ཞེས་གསུངས་པ་ལྟར་ཡིན་ཞིང་། ཁ་ནས་ཀུན་གྱིས་གཟུ་བོར་གནས་པ་གལ་ཆེ་བར་བཤད་ཀྱང་།ལག་ལེན་ལ་དེ་འདྲ་རང་འབྱུང་དཀའ་སྟེ། མཁས་པ་འགའ་ཞིག་ནི་རང་ཕྱོགས་ཁོ་ན་ཚད་མར་འཛིན་པ་དང་། རང་ཕྱོགས་དང་མི་མཐུན་པ་མཐའ་དག་ལོག་པར་འཛིན་པའི་ལྟ་བ་ཤུགས་ཆེ་བས་གཟུ་བོར་གནས་པའི་གཏམ་འབྱུང་དཀའ་བ་དང་། མཁས་པ་འགའ་ཞིག་གི་རང་རྒྱུད་གཟུ་བོར་གནས་པ་ཞིག་ཡིན་ཡང་ཆོས་སྲིད་གང་རུང་གི་ཐད་ནས་གནོན་ཤུགས་ཡོད་པས་གཟུ་བོར་གནས་པ་ཞིག་ཡོང་དཀའ་བ་ཡིན། འདིའི་ཐད་ཀྱི་དཔེ་ངོ་མཚར་ཅན་ཞིག་ནི། དུས་རབས་ཉི་ཤུ་པའི་ནང་བྱུང་བའི་བོད་ཀྱི་པཎ་ཊི་ཏ་དགེ་འདུན་ཆོས་འཕེལ་ནི་སྤྱིར་བཏང་བཤད་ན་ཆོས་སྲིད་ཀྱི་གནོན་ཤུགས་གང་ལའང་མི་ལྟོས་པའི་མཁས་པ་གཟུ་བོར་གནས་པ་ཞིག་ཡིན་ཡང་། ཁོང་གི་རྒྱལ་རབས་དེབ་དཀར་ནང་དུ་བོད་དང་རྒྱ་གར་གྱི་ས་མཚམས་སྐོར་གླེང་སྐབས“འདི་འདྲ་བསམ་ཚེ་ལྕགས་ཀྱི་ཀ་བ་དེའང་ངོ་བོ་སྔར་བོད་ཀྱིས་བཙུགས་པ་དེ་ཡིན་སྲིད་དམ་སྙམ་སྟེ། འོད་ཀྱང་གཏམ་འདི་འདྲ་ཁྱབ་བརྡལ་དུ་སྒྲོག་པའི་འོས་མ་ཡིན་ནོ། །”ཞེས་དང་། ཡང་དེབ་དཀར་དུ་སྲོང་བཙན་ནམ་འདས་ཀྱི་སྐོར་གླེང་སྐབས་ཁོང་རྣམས་བརྒྱད་ཅུ་བཞུགས་ཟེར་བ་དེ་ཡང་། དོན་ལ་རྒྱུད་ཀྱི་ལུང་བསྟན་ཞིག་ལ་བརྟེན་པ་ཙམ་ཡིན་ལ། རྒྱུད་ཚིག་དེའི་དོན་ཡང་ཆེས་གཞན་ཞིག་ཡིན་མོད་ཀྱི། སྐབས་སུ་མ་བབས་པས་འདིར་མ་སྤྲོས་སོ། །”ཞེས་པའི་དང་པོ་ནི་ཕྱིའི་གནོན་ཤུགས་དང་། གཉིས་པ་ནི་ནང་གི་གནོན་ཤུགས་འོག་གསལ་བཤད་གནང་མ་བདེ་བ་ལས་ཁོང་ལ་གསུང་རྒྱུ་མེད་པ་ག་ནས་ཡིན། ཁོང་གིས་དེའི་སྐབས་གཟབ་ནན་དེ་ལྟར་བྱས་ཀྱང་ཁོང་ཞལ་བཞུགས་སྐབས་སུ་ཕྱི་ནང་གི་ངན་ཤུགས་འོག་ཁོང་གི་ལུས་སྟེང་དུ་སྐུ་ངལ་གང་འདྲ་ཞིག་བཟོས་ཡོད་མེད་ང་ཚོ་ཚང་མས་ཤེས་གསལ་ལྟར་དང་། ཁོང་འདས་རྗེས་སུའང་ཕྱི་ནས་མངོན་སུམ་དུ་ཤོད་ནུས་པ་མ་བྱུང་ཡང་ནང་དུ་རང་གིས་རང་ལ་འགྲམ་ལྕག་གཞུ་བའི་མཁས་པ་དཔའ་བོ་ཉུང་ཤས་བྱུང་བ་མ་རེད་དམ། གལ་ཏེ་ཁོང་ད་ལྟ་བཞུགས་ཡོད་ན་ལྕགས་ཀྱི་ཀ་བའི་གསལ་བཤད་གནང་དཀའ་ནའང་། སྲོང་བཙན་དགུང་གྲངས་བརྒྱད་ཅུ་ལྷག་བཞུགས་པའི་ཁུངས་རྒྱུད་ཀྱི་ལུང་བསྟན་དེའི་གསལ་བཤད་གནང་ངེས་ཡིན། དཔེ་དེ་གཉིས་ཀྱི་ཐོག་ནས་རྩོམ་པ་པོ་བློ་གཟུ་བོར་གནས་པ་ཞིག་ཡིན་རུང་གནོན་ཤུགས་འདྲ་མིན་གྱི་འོག་ཏུ་འཁྱོག་པོར་ཤོད་པའམ། རེ་ཞིག་ཅང་མི་སྨྲ་བར་སྡོད་པ་ལས་འོས་མེད་པ་གསལ་བོར་བསྟན། ཁོང་ལྟ་བུའི་འཇིག་རྟེན་གྱི་རེ་དོགས་ཆུང་བའི་མཁས་པ་ལའང་གནོན་ཤུགས་འདི་འདྲ་དང་དེ་འདྲ་ཡོད་ན་ལོ་ངོ་བརྒྱ་ཕྲག་དུ་མའི་གོང་གི་མཁས་པ་རྣམས་ལ་གནོན་ཤུགས་སྣ་ཚོགས་ཡོད་པ་ཤོད་མི་དགོས་པ་རེད། དེ་འདྲ་ཡིན་པས་བོད་ཀྱི་ལོ་རྒྱུས་སྨྲ་བའི་གཙུག་རྒྱན་འགོས་ལོ་གཞོན་ནུ་དཔལ་སོགས་མཁས་དབང་རྣམ་པས་ཀྱང་སྲོང་བཙན་འདས་ལོ་རྒྱ་ནག་གི་ཡིག་ཚང་ལ་བརྟེན་ཡང་། འཁྲུངས་ལོའི་སྐོར་ལོ་རྒྱུས་གང་འདྲ་ཞིག་ལ་བརྟེན་པ་གསལ་བར་མ་གསུངས་པ་དེའང་ཁོང་ལྟ་བུའི་ལོ་རྒྱུས་སྨྲ་བའི་གཙུག་རྒྱན་ཞིག་གིས་མ་མཁྱེན་པ་ཡོང་མི་སྲིད་ཀྱང་། “ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས།”ཞེས་པའི་ར་བ་བཙན་པོ་ལས་བརྒལ་མ་ནུས་པ་ཡིན། བརྒལ་མི་ནུས་པའི་རྒྱུ་མཚན་ནི་ཁོང་གི་གོང་དུ་བྱུང་བའི་བོད་ཀྱི་མཁས་པ་རྣམས་མགྲིན་གཅིག་ཏུ་རྒྱུད་ཚིག་དེ་དག་གིས་བོད་ཀྱི་རྒྱལ་པོ་རྣམས་ལུང་བསྟན་པ་ཡིན་པ་དང་། ད་དུང་དེབ་སྔོན་དུ། “འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །”ཞེས་པའི་རྒྱུད་ཚིག་རྐང་པ་གསུམ་གྱི་དོན་འཆད་སྐབས། “སྒྲོལ་མ་དང་གོས་དཀར་མོ་དང་དཀར་མོ་ཆེན་མོ་ནི་བཙུན་མོ་མཆོག་གསུམ་སྟེ། ཀོང་ཇོ་དང་། བལ་མོ་བཟའ་དང་། འབྲིང་ཟ་མ་ཐོད་དཀར་རོ། །”ཞེས་ཀྱང་གསུངས་ཡོད་པས་སྐབས་དེར་རྒྱུད་ཚིག་དེའི་དོན་བོད་རྒྱལ་རྣམས་ལུང་དུ་བསྟན་པ་མིན་པའི་གཏམ་ཟུར་ཙམ་བཏོན་ཡང་ཁོང་ལ་བསམ་ཡུལ་ལས་འདས་པའི་ཉམས་ཉེས་ཤིག་འབྱུང་རྒྱུ་གདོན་མི་ཟ་ཞིང་། དུས་སྐབས་དེར་མ་ཟད་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པའི་ནང་དུའང་གོང་སྨྲས་ལྟར་མཁས་དབང་དགེ་འདུན་ཆོས་འཕེལ་ནས། “རྒྱུད་ཚིག་དེའི་ནི་ཆེས་གཞན་ཞིག་ཡིན་མོད་ཀྱི། སྐབས་སུ་མ་བབས་པས་འདིར་མ་སྤྲོས་སོ། །”ཞེས་གསུངས་པས་ཀྱང་རྟོགས་ཐུབ།

  ཡང་སྔ་ཕྱིར་བྱུང་བའི་ཕྱི་མི་བོད་ཀྱི་ལོ་རྒྱུས་ཤེས་རློམ་ཅན་འགའ་ཞིག་གིས་ནི་བོད་ལྗོངས་ས་མཐོའི་ཐོག་གནའ་སྔ་མོའི་དུས་མི་ཡི་རིགས་མེད་པར་བོད་རིགས་ཀྱི་མེས་པོ་ནི་ས་གནས་གཞན་ནས་དེར་འོང་བ་ཞིག་ཡིན་ཚུལ་སོགས་སྣ་ཚོགས་ཤིག་བཤད་ཡོད་ཀྱང་། དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་བཟུང་། བོད་ཀྱི་ས་གནས་མང་པོ་ཞིག་གི་ས་འོག་ནས་མིའི་རུས་པ་དང་རྡོ་ཆས་མང་པོ་ཐོན་པ་དང་། ལྷག་པར་དུ ༡༩༧༨ ལོར་ཆབ་མདོའི་ཁ་རུབ་ནས་གནའ་རྫས་སྣ་ཚོགས་དང་ཁང་པའི་རྩིག་རྨང་སོགས་ཀྱང་ཐོན་པས་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་བོད་མི་ནི་བོད་ཀྱི་ས་གནས་སུ་ཡོད་པའི་བདེན་དཔང་བྱས་པས། ཡང་མ་དག་པའི་འཁྱོག་བཤད་དེ་རིམ་བཞིན་བག་ལ་ཞ་བར་གྱུར་པ་མ་ཟད། གོང་དུ་བཤད་པ་ལྟར་འགོས་ལོ་གཞོན་ནུ་དཔལ་གྱི་བོད་ཡུལ་དང་བོད་མི་བྱུང་ཚུལ་གྱི་བཞེད་པ་དེ་གསེར་དང་ར་གན་གང་ཡིན་བརྟག་པའི་རྡོ་ཀ་ཤི་ཀ་ལྟ་བུ་ཞིག་ཏུའང་གྱུར་པ་རེད། སྤྱིར་རྒྱལ་ཁབ་བམ་མི་རིགས་ཤིག་སྔོན་ཐོན་ཡིན་ནམ་རྗེས་ལུས་ཡིན་པ་གང་ཞིག་རྒྱལ་ཁབ་བམ་མི་རིགས་དེའི་ད་ལྟའི་སྤྱི་ཚོགས་ཀྱི་གནས་ཚུལ་ལ་ལྟ་དགོས་པ་ལས་ལོ་རྒྱུས་རྒྱུན་རིང་ཡོད་པ་ཙམ་དང་། ལོ་རྒྱུས་ཀྱི་དུས་སྐབས་འགར་སྟོབས་ཤུགས་ཆེན་པོ་ཡོད་པའམ་ཡང་ན་མེའི་རིགས་ལ་ཕན་པའི་གསར་གཏོད་ཁ་ཤས་རེ་བྱེད་མྱོང་བ་དེས་ད་ལྟའི་ཡར་ཐོན་དང་སྟོབས་ཤུག་སོགས་ཀྱི་ཚབ་བྱེད་མི་ཐུབ་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན་ཞིང་། ད་ལྟའི་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་ཡར་ཐོན་ཡིན་མིན་ནི་དེའི་ཚན་རིག་གི་ཤེས་བྱ་ལ་བརྟེན་ནས་ཆབ་སྲིད་དང་དཔལ་འབྱོར་རིག་གནས་དམག་དོན་སོགས་མདོར་ན་སྤྱི་ཚོགས་ཧྲིལ་པོ་ཡར་རྒྱས་ཡོད་མེད་ལ་ལྟ་དགོས་པ་ཡིན་ཞིང་། དེ་འདྲ་ཡིན་པའི་དབང་གིས། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་ཅེས་ངོམས་སོ་བྱེད་མཁན་མང་པོ་ཞིག་གིས་ཀྱང་རྒྱལ་ཁབ་ཀྱི་ལོ་རྒྱུས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ལས་མེད་པ་དང་། ཡང་ན་ལོ་ངོ་སྟོང་ཕྲག་གཉིས་གསུམ་གྱི་གོང་སྲིད་པོའི་གླིང་དང་སྲིན་མོའི་གླེང་ཞེས་བཤད་ཡུལ་དེ་ཚོའི་ད་ལྟའི་ཚན་རིག་གི་བཟོ་ལས་དང་ཞིང་ལས་འབྲོག་ལས་སོགས་ལ་ཡིད་སྨོན་དང་སློབ་སྦྱོང་བྱེད་པ་མ་ཟད། ཐ་ན་གོས་རྒྱན་ཆ་ལུགས་ཚུན་དེ་ཚོའི་རྗེས་སུ་འབྲང་ཐུབ་ན་ཡར་ཐོན་ཡིན་པར་བརྩི་བཞིན་ཡོད་པས། ལོ་རྒྱུས་རྒྱུན་རིང་ཡོད་པ་ཙམ་གྱིས་མི་ཕན་པར་གྱུར་ཟིན་པ་རེད། དེའི་ཐད་རང་ཅག་བོད་ཀྱི་ལོ་རྒྱུས་ཐོག་ནས་ཀྱང་དཔེ་གསལ་པོ་ཞིག་ཡོད་པ་ནི། སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་ནི་འགྲན་ཟླ་བྲལ་བ་ཞིག་ཡིན་པ། རང་གིས་རང་ལ་བསྟོད་པ་ཙམ་མིན་པར། རྒྱ་ནག་གི་ལོ་རྒྱུས་༼ཐང་ཡིག་གསར་མ།༽ཞེས་པ་ལས། “བྷོད་ཀྱི་ཤར་ཕྱོགས་སུང་ཀྲིག་དང་མའོ་ཀྲིགསོས་སྒྲིག་བཅས་དང་འབྲེལ། ལྷོ་བལ་ཡུལ་ལ་ཐུགནུབ་ཨན་ཞི་སྡེ་བཞི། བྱང་གྲུ་གུར་སླེབས་ཏེ་རྒྱ་ཁྱོན་ལེ་དབར་ཁྲི་ལྷག་ཡོད་པས། གོང་མ་ཧན་དང་ཝེ་རྒྱལ་རབས་སུའང་འདི་ལྟ་བུའི་རྒྱལ་ཁབ་སྟོབས་པོ་ཆེ་སུའང་བྱུང་མ་མྱོང་།”ཞེས་བཤད་པ་ནི་དོན་ལ་གནས་པ་ཡིན་མོད། དེ་ནི་སྐབས་དེའི་ལོ་རྒྱུས་ཙམ་ཡིན་པ་ལས་དེས་ད་ལྟའི་བོད་ཀྱི་ཚབ་བྱེད་ཐབས་བྲལ་བ་ལྟ་བུ་ཞིག་ཡིན། གོང་དུ་བཤད་པ་བཞིན་ད་ལྟ་རྒྱལ་ཁབ་བམ་མི་རིགས་ཤིག་ཡར་རྒྱས་སམ་རྗེས་ལུས་ཡིན་མིན་ནི་ཚན་རིག་ཡར་རྒྱས་ཡོད་མེད་ལ་ལྟ་བ་རེད།

  སྤྱིར་ཚན་རིག་ནི་འགྲོ་བ་མིའི་རིགས་ལ་ཕན་པ་དང་བདེ་སྐྱིད་སྐྲུན་བྱེད་ཅིག་དང་། རྗེས་ལུས་ཀྱི་གནས་ལས་ཐར་བའི་ཐབས་ཉག་གཅིག་ཡིན་པ་བཤད་མི་དགོས་པ་ཞིག་དང་། ལྷག་པར་ཚན་རིག་ཐོག་མར་དར་སྐབས་དེའི་བླ་ན་མེད་པའི་དགེ་མཚན་གྲངས་ལས་འདས་པ་མཐོང་སྟེ་ཡིད་བཞིན་གྱི་ནོར་བུ་ཞིག་ཏུ་བརྩི་བ་རེད། ཡིན་ནའང་འཇིག་རྟེན་གྱི་བྱ་དངོས་མཐའ་དག་ལ་གཅིག་ནས་གཉིས་སུ་གྱེས་པའི་ལྟ་བའི་ཐོག་ནས་ལྟ་དགོས་པ་ལྟར་ཚན་རིག་ལའང་ལྟ་བ་དེའི་ཐོག་ནས་ལྟ་སྐབས་འགྲོ་བ་མིའི་རིགས་ལ་བརྗོད་པར་དཀའ་བའི་ཕན་པའི་ཆ་ཡོད་པ་མ་ཟད། བསམ་ཡུལ་ལས་འདས་པའི་གནོད་པའི་ཆ་ཡང་ཡོད་པ་ད་ལྟ་མངོན་དུ་གྱུར་དང་འགྱུར་བཞིན་པ་འདི་ག་ལགས།

རྩོམ་འཇུག་པ།ལྷ་ཆེན་རྒྱལ།