བདེ་ཐང་སྐོར་གྱི་རྒྱུན་ཤེས།(གཉིས།)

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-04-18 16:19:54      རྩོམ་སྒྲིག་པ། : ཡེ་ཤེས །

        སྨན་ཁབ་རྒྱག་པར་ཚོད་འཛིན་བྱས་ཏེ་ངེས་པར་མི་རེར་ཁབ་རེ་ཡིན་དགོས།

        སྨན་ཁབ་རྒྱག་པ་སོགས་ཀྱི་སྨན་བཅོས་ལ་མཚོན་ན་ནད་རིགས་འགོ་བའི་ཉེན་ཁ་ཆེན་པོ་ལྡན། དེ་བས་ནད་རིགས་སྨན་བཅོས་བྱེད་དུས་ངེས་པར་སྨན་པས་བཤད་པ་ལྟར། སྨན་བཏུངས་ནས་ནད་སངས་དྲག་ཏུ་འགྲོ་ཐུབ་ན་སྨན་ཁབ་མི་རྒྱག་པ་དང་ཁབ་བརྒྱབ་ནས་དྲག་ན་གནམ་ཁབ་མི་རྒྱག་པ་དེ་ཡིད་ལ་དམ་པོར་འཛིན་དགོས།

        ནད་པ་གཞན་དང་མཉམ་དུ་ཁབ་མགོ་མཉམ་བཀོལ་བྱེད་མི་རུང་། དེ་ལྟར་བྱས་ན་མཆིན་ཚད་ཁ་པ་དང་མཆིན་ཚད་ག་པ། ཨེ་ཙི་འགོས་ནད་སོགས་ནད་རིགས་འགོ་བའི་ཉེན་ཁ་ཆེ་ལ། ཁབ་རྒྱག་དུས་ངེས་པར་མི་རེར་ཐེངས་གཅིག་རང་བཞིན་གྱི་ཁབ་མགོ་རེ་དང་ཁབ་སྦུག་རེ་བཀོལ་དགོས།

        གློ་ལུ་བའི་ནད་རྟགས་བྱུང་ནས་གཟའ་འཁོར་གཉིས་ཡན་འགོར་བ་དང་ལུ་བའི་ནང་དུ་ཁྲག་ཡོད་དུས་དུས་ཐོག་ཏུ་བརྟག་དཔྱད་བྱས་ནས་གློ་གཅོང་ནད་བྱུང་ཡོད་མེད་ཤེས་དགོས།

        གློ་ལུ་བའི་ནད་རྟགས་བྱུང་མ་ཐག་ཏུ་སྨན་བཅོས་བྱས་ན་དྲག་སྐྱེད་འབྱུང་ཚད་མཐོ་བར་མ་ཟད། ད་དུང་མི་གཞན་པར་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། བསྟུད་མར་གཟའ་འཁོར2ཀྱི་ཡན་ལ་གློ་ལུ་བའི་ནད་རྟགས་བྱུང་ན་གློ་གཅོང་ནད་ཀྱི་ནད་རྟགས་གཙོ་བོ་ཞིག་ཡིན་པས། གལ་སྲིད་ཆམ་ནད་ཀྱི་སྨན་བཏུངས་ནས་གཟའ་འཁོར2ཡན་འགོར་རུང་ནུས་པ་མ་ཐོན་པར་མ་ཟད། ད་དུང་ལུ་བའི་ནང་དུ་ཁྲག་འདྲེས་ཡོད་ན་གློ་གཅོང་ནད་ཕོག་ཡོད་པ་ཡིན། དེ་མིན་ད་དུང་གཞན་པའི་རྒྱུན་མཐོང་ནད་རྟགས་ཏེ་ཚ་དམའ་མོ་ལངས་པ་དང་གྲང་རྔུལ་ཐོན་པ། ལུས་ཤུགས་ཉམས་པ། ཤ་སྐམ་པ་སོགས་ཀྱི་ནད་རྟགས་མངོན་པ་ཡིན།

        གློ་གཅོང་ནད་པས་ཚད་ལྡན་སྨན་ཁང་ནས་སྨན་བཅོས་བྱས་ན་ནད་པ་མང་ཆེ་བ་དྲག་སྐྱེད་འབྱུང་དུ་འཇུག་ཐུབ།

        མིག་སྔར། རང་རྒྱལ་གྱིས་གློ་གཅོང་ནད་པར་རིན་མི་ལེན་པར་བརྟག་དཔྱད་བྱེད་པ་དང་གློ་གཅོང་ནད་སྨན་བཅོས་བྱེད་པའི་སྨན་རྫས་བྱིན་ནས་སྨན་བཅོས་བྱེད་ཀྱིན་ཡོད་པས། གློ་གཅོང་ནད་པ་རང་ས་གནས་ཀྱི་གློ་གཅོང་ནད་སྨན་བཅོས་ལས་ཁུངས་སུ་སོང་ནས་རིན་མི་ལེན་པའི་ཞིབ་བཤེར་དང་སྨན་བཅོས་བྱེད་ཆོག

        གློ་གཅོང་ནད་པར་དུས་ཡུན་ཟླ6ནས་ཟླ8བར་གྱི་ཐད་ཀའི་ལྟ་སྐུལ་འོག་དུས་ཡུན་ཐུང་བའི་རྫས་འགྱུར་སྨན་བཅོས(DOTS)བྱེད་ཆོག དེ་ནི་དེང་སྐབས་གློ་གཅོང་ནད་སྨན་བཅོས་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན་ལ། དེ་མིན་གཞན་པའི་སྨན་བཅོས་ཚང་མ་ནི་རམ་འདེགས་སྨན་བཅོས་ཡིན།

        རིམས་འགོག་སྨན་ཁབ་རྒྱག་པ་ནི་རིམས་ནད་ཁ་ཤས་སྔོན་འགོག་བྱེད་པའི་བྱེད་ཐབས་ཆེས་བཟང་པོ་ཞིག་ཡིན།

        རིམས་འགོག་སྨན་ཁབ་རྒྱག་པ་ནི་རིམས་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་ནུས་ལྡན་ཅན་ཞིག་ཡིན། མིའི་རིགས་ཀྱིས་རིམས་འགོག་སྨན་ཁབ་སྣ་མང་གསར་གཏོད་བྱས་ཡོད་པས། རིམས་འགོག་སྨན་ཁབ་བརྒྱབ་ན་རིམས་ནད་སྣ་ཚོགས་སྔོན་འགོག་བྱེད་ཐུབ། རིམས་འགོག་སྨན་ཁབ་རྒྱག་པ་ནི་རིམས་ནད་སྔོན་འགོག་བྱེད་པའི་ཆེས་ནུས་ལྡན་ཅན་དང་ཆེས་རིན་གོང་བདེ་བའི་ཐབས་ལམ་ཞིག་ཡིན།

        རིམས་འགོག་སྨན་ཁབ་ལ་མཚོན་ན་རིགས་གཉིས་བགོས་ཡོད་ལ། རིགས་གཅིག་ནི་སྲིད་གཞུང་གིས་རིན་མི་ལེན་པར་སྤྱི་དམངས་ལ་འདོན་སྤྲོད་བྱེད་པ་ཡིན་པས། སྤྱི་དམངས་རྣམས་ཀྱིས་ཆོད་དོན་ལྟར་དང་ལེན་བྱས་ནས་རིམས་འགོག་སྨན་ཁབ་རྒྱག་དགོས། རིགས་གཉིས་པ་ནི་སྤྱི་དམངས་རང་གིས་རང་འདོད་ལྟར་རིམས་འགོག་སྨན་ཁབ་ཉོས་ནས་རྒྱག་པ་དེ་ལ་གོ།

        རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཀྱི་སྔོན་འགོག་ནུས་པ་ནི་རིམས་འགོག་སྨན་ཁབ་རྒྱག་པའི་དུས་ཚོད་དང་བར་ཐག སྨན་གྱི་གྲངས་ཚད་སོགས་དང་འབྲེལ་བ་དམ་པོ་ཡོད་པས། རིམས་འགོག་གོ་རིམ་ངེས་ཅན་ལྟར་རྒྱག་དགོས། བར་ཆད་བྱུང་ནས་རིམས་འགོག་སྨན་ཁབ་རྒྱག་མ་ཐུབ་ན་དུས་ཐོག་ཏུ་རིམས་འགོག་སྨན་ཁབ་ཁ་གསབ་ཀྱིས་རྒྱག་དགོས།

        ཨེ་ཙི་འགོས་ནད་དང་མཆིན་ཚད་ཁ་པ་དང་ག་པའི་ནད་ནི་ཆགས་སྤྱོད་དང་ལུས་པོར་ཁྲག་རྒྱག་པ། ཕྲུ་གུར་ནུ་མ་སྣུན་པ་སོགས་བརྒྱུད་ནས་འགོ་བ་ལས། དུས་རྒྱུན་གྱི་འཚོ་བ་དང་བྱ་བའི་འབྲེལ་འདྲིས་ལས་འགོ་མི་སྲིད།

        ཨེ་ཙི་འགོས་ནད་དང་མཆིན་ཚད་ཁ་པ། མཆིན་ཚད་ག་པ་བཅས་ཀྱི་ནད་དུག་ནི་ལུས་པོར་ཁྲག་རྒྱག་པ་དང་ཆགས་པ་སྤྱོད་པ། ཕྲུ་གུར་ནུ་མ་སྣུན་པ་བཅས་བརྒྱུད་ནས་འགོ་བ་ལས། མཁའ་རླུང་དང་ཆུ། ཟས་རིགས། ཆུ་རྐྱལ་རྫིང་བུ་སོགས་སྤྱི་པའི་སྒྲིག་ཆས་བརྒྱུད་ནས་འགོ་མི་སྲིད། དེ་མིན་ད་དུང་གློ་ལུ་བ་དང་འཐམ་འཁྱུད། དུས་རྒྱུན་གྱི་བྱ་བའི་འབྲེལ་གཏུག དུག་སྦྲང་གིས་སོ་བཏབ་པ་སོགས་བརྒྱུད་ནས་འགོ་མི་ཐུབ། དུས་རྒྱུན་གྱི་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་དུས་ཨེ་ཙི་འགོས་ནད་ནད་པ་དང་མཆིན་ཚད་ཁ་པ། མཆིན་ཚད་ག་པའི་ནད་ཕོག་ཡོད་པའི་ནད་པར་སྤྱིར་བཏང་གི་འབྲེལ་འདྲིས་བྱས་པ་ལས་འགོ་མི་སྲིད་པ་ཡིན། སྔོན་འགོག་བྱེད་ཐབས་གཙོ་བོ་ནི། ཁྲག་ལས་ཕན་ཚུན་ལ་འགོ་བ་སྔོན་འགོག་བྱེད་དགོས་པ་དང་ཆགས་སྤྱོད་སྐབས་སུ་བདེ་འཇགས་ཀྱི་བྱེད་ཐབས་ལག་ལེན་བྱེད་དགོས། ཁབ་རྒྱག་དུས་ཁབ་མགོ་གཅིག་མཉམ་བཀོལ་བྱེད་པར་གཡོལ་ཏེ་འགོག་བཅོས་བྱེད་དགོས།

        གློ་གཅོང་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ནི་གློ་གཅོང་ནད་བྱུང་བའི་ནད་པ་གློ་ལུ་བ་དང་ཧབ་སྦྲིད་རྒྱག་པ། སྐད་མཐོན་པོས་སྐད་ཆ་བཤད་པ་སོགས་ཀྱི་དབང་གིས་འགོས་པའི་དབུགས་ལམ་གྱི་ནད་ཅིག་ཡིན།

        གློ་གཅོང་ནད་ནི་འདུས་འདྲིལ་དབྱུག་སྲིན་གྱི་རྐྱེན་གྱིས་བྱུང་བའི་དབུགས་ལམ་འགོས་ནད་ཡིན་ལ། དེ་ནི་གློ་གཅོང་ནད་ཀྱི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན། འདུས་འདྲིལ་དབྱུག་སྲིན་ནད་ནི་གཙོ་བོ་གློ་གཅོང་ནད་པ་གློ་ལུ་བ་དང་ཧབ་སྦྲིད་རྒྱག་པ། སྐད་མཐོན་པོས་སྐད་ཆ་བཤད་པ་སོགས་ལས་བྱུང་བ་ཡིན་པས། སྔ་མོ་ནས་ནད་ངོ་ཤེས་པ་དང་སྔ་མོ་ནས་བརྟག་དཔྱད་བྱེད་པ། སྔ་མོ་ནས་སྨན་བཅོས་བྱེད་རྒྱུ་བཅས་ནི་གློ་གཅོང་ནད་དྲག་སྐྱེད་འབྱུང་བ་དང་གཞན་ལ་བགོ་བའི་བརྒྱུད་ལམ་གཅོད་པར་ནུས་པ་ལྡན་པའི་བྱེད་ཐབས་གཙོ་བོ་ཡིན། གློ་གཅོང་ནད་སྔོན་འགོག་བྱེད་ཆེད། ཕྲུ་གུ་སྐྱེས་རྗེས་དུས་ཐོག་ཏུ་ཁ་ཅེ་མིའོ(卡介苗)རྒྱག་དགོས། །

        རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།