གཉེན་རྟགས་ཕྱིར་བསླང་ཆོག་གམ།

      ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།      སྤེལ་དུས། : 2017-04-26 10:42:32      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        གངས་ལྗོངས་ཁྲིམས་ར།

        མཛའ་གྲོགས་ལ་བྱིན་པའི་རྒྱུ་དངོས་ཕྱིར་བསླང་ཆོག་གམ།

        གྱོད་དཔེ།

        རྟ་ལོས་བུ་མོ་བདེ་སྐྱིད་སྒྲོལ་མ་ངོ་ཤེས་པ་ནས་བཟུང་ཁོ་མོའི་སྟེང་ལ་བཅངས་པའི་བརྩེ་དུང་ལྷད་མེད་ཡིན་པ་མཚོན་ཆེད། དུས་རྒྱུན་དུ་གྱོན་པ་དང་འཚོ་བའི་མཁོ་ཆས་སོགས་ཀྱི་ལེགས་སྐྱེས་ཉོས་ཏེ་བྱིན་པ་ཡིན། དེ་ལྟར་དུས་ཡུན་རིང་བོ་ཞིག་ལ་འབྲེལ་འདྲིས་བྱས་པ་བརྒྱུད་ཁོ་གཉིས་ཀྱི་གཤིས་ཀ་ཧ་ཅང་མཐུན་པར་མ་ཟད། ཕན་ཚུན་བར་ཆུ་དང་ཉ་མོ་ལྟ་བུའི་བརྩེ་དུང་ཟབ་མོ་ཞིག་ཀྱང་ཆགས། དུས་མཚུངས་སུ་ཁོ་གཉིས་ཀྱི་འབྲེལ་བ་ཕྱོགས་གཉིས་ཀའི་ཁྱིམ་མི་ཚོས་ཤེས་རྗེས་གཉེན་སྒྲིག་བྱེད་པར་འཐད་པ་བྱུང་། སྐབས་དེར་རྟ་ལོས་ཀྱང་བདེ་སྐྱིད་སྒྲོལ་མ་ཚེ་གང་གི་སྐྱ་ཡ་རུ་གྱུར་སོང་བར་སྙམ་ནས་རང་ཉིད་ཀྱི་གསོག་དངུལ་ལས་ཁོ་མོར་གསེར་གྱི་མཛུབ་དཀྲིས་དང་བྱུ་རུའི་སྐེ་རྒྱན་སོགས་ཉོས། ཕྱིས་སུ་བདེ་སྐྱིད་སྒྲོལ་མ་ཚང་གིས་ད་དུང་རྟ་ལོའི་ལག་ནས་སྒོར8000ཀྱི་སློང་རྟེན་ཡང་བླངས་མོད། འོན་ཀྱང་བསམ་ཡིད་ལས་འདས་པ་ཞིག་ནི་ལོ་སར་ལ་ཐོན་སྐབས། བདེ་སྐྱིད་སྒྲོལ་མས་བཤད་རྒྱུར། རྟ་ལོ་དང་མོ་གཉིས་བར་ན་ཐུན་མོང་གི་སྐད་ཆ་མེད་ལ་མཉམ་གཅིག་ཏུ་འཚོ་བ་རོལ་ཐབས་བྲལ་བས། གཉེན་སྒྲིག་ཕར་ཞོག་ད་ནས་བཟུང་ཁོ་གཉིས་བར་ན་འབྲེལ་བ་སྤུ་ཙམ་ཡང་མེད་ཟེར། ཉིན་འགའ་འདས་རྗེས་རྟ་ལོ་བདེ་སྐྱིད་སྒྲོལ་མ་ཚང་ལ་སོང་སྟེ་ཁོ་མོར་བྱིན་པའི་རྒྱུ་དངོས་དང་སློང་རྟེན་ཕྱིར་སྟེར་དགོས་པའི་རེ་བ་བཏོན་ཚེ། བདེ་སྐྱིད་སྒྲོལ་མའི་ཁྱིམ་མིས་བཤད་རྒྱུར། སྔོན་ཆད་བཤད་བྱིན་པའི་རྒྱུ་དངོས་དང་སློང་རྟེན་ནི་རྟ་ལོས་རང་འཐད་སྒོས་བྱིན་པ་ཡིན་པས་ཕྱིར་སློང་བའི་གནས་ལུགས་ཤིག་གང་ན་ཡོད་ཟེར་བཞིན་ཁོའི་རེ་བ་དང་ལེན་མ་བྱས།

        གཟུ་བཤད།

        མཛའ་གྲོགས་ལ་བྱིན་པའི་ལེགས་སྐྱེས་ཆུང་ངུ་རྣམས་ཕྱིར་སློང་མི་འོས་ལ། ཕོ་མོ་ཕྱོགས་གཅིག་གིས་གཉེན་སྒྲིག་མ་བྱས་གོང་བྱིན་པའི་ལེགས་སྐྱེས་རྩ་ཆེན་གྱི་རིགས། གལ་ཏེ་འདོད་བློ་ལྟར་གཉེན་སྒྲིག་བྱེད་མ་ཐུབ་ཚེ་ཕྱིར་བསླང་ཆོག ཐོག་མར་འབུལ་རྟེན་གྱི་བཅའ་ཁྲིམས་དོན་དངོས་ཡང་དག་བྱ་དགོས། རང་རྒྱལ《གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན183པའི་གཏན་ཁེལ་ལྟར་ན། འབུལ་རྟེན་ནི་འབུལ་རྟེན་སྟེར་མཁན་གྱིས་རང་ཉིད་ཀྱི་རྒྱུ་ནོར་རིན་མེད་སྒོས་མི་གཞན་པར་སྟེར་བ་ཞིག་ལ་གོ སྐྱེས་པ་དང་སྐྱེས་མ་གཉིས་མཛའ་གྲོགས་ཡིན་དུས་བྱིན་པའི་རིན་མེད་དང་ཆ་རྐྱེན་མེད་པའི་འབུལ་རྟེན་ཆུང་ངུ་རྣམས་ཕྱིར་སློང་མི་འོས་མོད། ཡིན་ཡང་འབུལ་རྟེན་སོགས་དམངས་དོན་བྱ་སྤྱོད་ཀྱི་རིགས་ལ་རིན་མེད་དུ་མི་གཏོགས་པའམ་ཆ་རྐྱེན་ཡོད་པའང་གདའ། དཔེར་ན་གཉེན་སྒྲིག་གི་རྨང་གཞི་བརྟན་པོ་ཞིག་འཛུགས་ཆེད་བྱིན་པའི་གསེར་གྱི་མཛུབ་དཀྲིས་དང་སྐེ་རྒྱན། ལག་ཁྱེར་ཁ་པར་སོགས་རིན་ཐང་ཆེ་བའི་དངོས་རྫས་ནི་བཟའ་ཟླ་རུ་འགྱུར་བའི་ཆ་རྐྱེན་འོག་བྱིན་པའི་འབུལ་རྟེན་རྩ་ཆེན་གྱི་རིགས་ལ་གཏོགས། 《དམངས་དོན་སྤྱི་སྲོལ》གྱི་དོན་ཚན62པའི་གཏན་ཁེལ་ལྟར་ན།དམངས་དོན་བྱ་སྤྱོད་ལ་ཆ་རྐྱེན་ཡོད་ཆོག་ལ། ཆ་རྐྱེན་ཡོད་པའི་དམངས་དོན་བྱ་སྤྱོད་ཁྲིམས་དང་མཐུན་ཚེ་བཅའ་ཁྲིམས་ནུས་པ་ཡོད་པ་ཡིན། དེ་བས། ཕོ་མོ་ཕྱོགས་གཉིས་ཀའི་སུ་ཡིན་རུང་གཉེན་སྒྲིག་ཐོ་འགོད་བྱེད་མ་ཐུབ་ཚེ་འབུལ་རྟེན་སྟེར་མཁན་གྱིས་ཕ་རོལ་བར་བྱིན་ཟིན་པའི་འབུལ་རྟེན་ཏེ་རྒྱུ་རྫས་རྩ་ཆེན་རིགས་ཕྱིར་བསླང་ཆོག རྟ་ལོས་བྱིན་པའི་འབུལ་རྟེན་ཡང་འབུལ་རྟེན་རྩ་ཆེན་གྱི་རིགས་སུ་གཏོགས་པས་བདེ་སྐྱིད་སྒྲོལ་མ་དང་ཁོ་ཚང་ལ་རྒྱུ་དངོས་དེ་དག་ཕྱིར་སྟེར་བའི་རེ་བ་བཏོན་ཆོག་གོ །

        བཅའ་ཁྲིམས་ཤེས་བྱ།

        ཅི་ཞིག་ལ་ཁྱོ་ཤུག་གི་བརྩེ་དུང་

        རྨང་ནས་ཉམས་པ་ཟེར།

        ཁྱོ་ཤུག་གི་བརྩེ་དུང་རྨང་ནས་ཉམས་པ་ཞེས་པ་ནི། ཁྱོ་ཤུག་གཉིས་གཉེན་སྒྲིག་བྱས་རྗེས་འཚོ་བའི་སྐྱིད་སྡུག་དང་ཁོར་ཡུག་གི་ངན་ཤུགས། བརྩེ་དུང་གི་འགྱུར་ལྡོག འདོད་སྲེད་ཀྱི་དགོས་མཁོ། འཁོན་འཛིན་གྱི་བསམ་ཚུལ་ལ་སོགས་ཀྱིས་སྔར་ཡོད་བཟའ་ཟླའི་བརྩེ་འདང་རྨང་ནས་ཉམས་པ་དང་། ཁྱིམ་གཅིག་ནས་འཚོ་བ་རོལ་ཐབས་བྲལ་བ་ནི་བཟའ་ཚང་ཁ་བྲལ་གྱི་ཆེས་ཐོག་མའི་རྩ་བ་ཡིན་ལ། བཟའ་ཚང་ཁ་བྲལ་གྱི་ཆ་རྐྱེན་གཙོ་ཆེ་ཤོས་ཡིན་མོད། དེར་ཁྱོ་ཤུག་ཕན་ཚུན་ཡིད་འཐད་ཡིན་དགོས་པ་དང་།《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན24པར་གཏན་ཁེལ་བྱས་དོན། ཕོ་མོ་ཕྱོགས་གཉིས་ཀ་རང་འཐད་སྒོས་སོ་སོར་གྱེས་པ་ནི་བཟའ་ཚང་འཐོར་བྱེད་ཀྱི་རྩ་བའི་ཆ་རྐྱེན་ཡིན་ཞེས་བསྟན་ཡོད།

        མི་དམངས་ཁྲིམས་ཁང་དང་གཉེན་སྒྲིག་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་པའི་སྐབས་སུ། ཁྱོ་ཤུག་ཕན་ཚུན་བར་གྱི་བརྩེ་དུང་རྨང་ནས་ཉམས་ཡོད་མེད་ལ་ཅིས་ཀྱང་རྩད་གཅོད་ཞིབ་མོ་བྱེད་དགོས།

        ཁྱོ་ཤུག་བར་གྱི་བརྩེ་དུང་རྨང་ནས་ཉམས་ཏེ་ཕན་ཚུན་དགྲ་ཟླ་རུ་གྱུར་ཏེ་ལྷན་གཅིག་ཏུ་འཚོ་བ་རོལ་ཐབས་མེད་པ་ཡིན་ཚེ། བཅའ་ཁྲིམས་ཀྱི་འགྲོ་ལུགས་ལྟར་ཁྱོ་ཤུག་ཟུང་གཉེན་འཐོར་བྱེད་དུ་བཅུག་སྟེ་གཉེན་འཐོར་ལག་ཁྱེར་བྱིན་ཆོག དེར་མཉམ་འཇོག་བྱེད་དགོས་པ་ཞིག་ནི།

        གཅིག བུའམ་བུ་མོའི་ཕྱོགས་ལ་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། བུའམ་བུ་མོ་སུ་ཡིས་ཐད་ཀར་གཉོར་སྐྱོང་བྱེད་པ་དང་། ཅིག་ཤོས་ཀྱིས་འཚོ་བའི་རོགས་དངུལ་ཅི་ཙམ་སྟེར་རྒྱུ་དང་དེའི་སྟེར་ཐབས་སོགས་འོས་འཚམ་གྱིས་བཀོད་སྒྲིག་བྱ་དགོས།

        གཉིས། རྒྱུ་ནོར་ཕྱོགས་ལ་འོས་འཚམ་གྱིས་ཐག་གཅོད་བྱེད་པ་དང་། ཁྱོ་ཤུག་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཇི་ལྟར་བགོ་བཤའ་བྱ་རྒྱུ་དང་། བུ་ལོན་ཇི་ལྟར་གཙང་ལེན་བྱ་རྒྱུ། བཟའ་ཚང་འཐོར་རྗེས་སྡོད་ཁང་ཇི་ལྟར་བཀོད་སྒྲིག་བྱ་རྒྱུ་བཅས་ཡིན། གཉེན་སྒྲིག་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་གནས་ཚུལ་རྩད་གཅོད་ཞིབ་མོ་བྱས་རྗེས། བཟའ་འཐོར་ཐོ་འགོད་ཀྱི་ཆ་རྐྱེན་དང་མཐུན་པ་ལ། བཟའ་འཐོར་ཐོ་འགོད་བྱེད་དུ་བཅུག་སྟེ་བཟའ་འཐོར་དཔང་ཡིག་སྟེར་དགོས་སོ། །

      རྩོམ་འཇུག་པ།ལྷ་ཆེན་རྒྱལ།