མི་ཚེ་དང་དཔེ་ཀློག

      ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།      སྤེལ་དུས། : 2017-04-26 10:56:31      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

              དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །

        བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །

        ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླང་། །

        —— རྗེ་ཙོང་ཁ་པས།

        མི་ཚེ་དང་དཔེ་ཀློག་ཆེད་བསྒྲིགས་ལེ་ཚན། ཁག་དང་པོ།

        ལྕགས་ཐར་རྒྱལ། 1963ལོར་མདོ་སྨད་ཁྲི་ཀའི་སྟག་རིག་སྡེ་བར་སྐྱེས། 1981ལོར་མཚོ་ལྷོ་ཁུལ་འབྲིང་རིམ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་རྗེས་སློབ་གྲྭ་དེ་གར་བོད་ཡིག་དགེ་རྒན་གྱི་བྱ་བ་གཉེར། 1987ལོར་མཚོ་སྔོན་སློབ་གསོ་སློབ་གླིང་དུ་བོད་ཡིག་ཆེད་སྦྱོང་གི་སྦྲག་ཁྲིད་འཛིན་གྲྭར་ཞུགས། 1998ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་རུ་ལས་གནས་སྤོས་ཏེ་དགེ་རྒན་བྱས་ཤིང་། སྔ་རྗེས་སུ་བོད་ཡིག་སྡེ་ཁག་དང་། སློབ་གྲྭའི་དཔྱད་སྡུར་གཞུང་ལས་ཁང་གི་ལས་དཔོན་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར། 2005ལོར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་གླིང་སྤྱི་གཞོན་པ་དང་། ཏང་ཨུའི་དྲུང་ཆེན་གཞོན་པར་བསྐོས་པ་ནས། སློབ་གྲྭའི་དོ་དམ་དང་། བསླབ་ཚན་གསར་འཛུགས། སློབ་མའི་ལས་ཞུགས་བཅས་ལ་ཤུགས་སྐྱེད་ཅིང་། སྔ་རྗེས་སུ《ཀྲུང་གོའི་བོད་རིག་པ》སོགས་དུས་དེབ་དག་ཏུ་དཔྱད་རྩོམ60ལྷག་དང་། མདོ་དབུས་ཁམས་གསུམ་དུ་བོད་ཀྱི་སྐད་ཡིག་སྐོར་གྱི་སློབ་ཁྲིད་མང་དུ་སྤེལ་པ་དང་། 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》དང་། 《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང》སོགས་བརྩམས་དེབ10ལྷག་སྤེལ་པ་དང་ཆབས་ཅིག རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི8ཙམ་གྱི་ལས་ལ་ཞུགས་ཤིང་། བོད་ཀྱི་སྐད་ཡིག་སློབ་ཁྲིད་ལ་སྟོབས་ཤུགས་ཡོད་རྒུ་འདོན་བཞིན་ལོ་ཀུན་ཏུ་སློབ་མར་སློབ་ཁྲིད་ཆག་མེད་དུ་སྐྱོང་བའི་མུར། འཛམ་གླིང་སྤྱི་ལུགས་དང་མཐུན་པའི་བོད་ཀྱི་སྐད་ཡིག་གི་ཆུ་ཚད་འཇལ་བྱེད་ཀྱི་འཆར་བཀོད་ཆ་ཚང་ཞིག་ཀྱང་བཟོས་གྲུབ་པས། ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་རིག་གཞུང་དཔྱད་འབྲས་དང་། དགེ་རྒན་ཕུལ་བྱུང་ཅན་གྱི་བྱ་དགའ་འང་མང་པོ་ཐོབ་བོ། །

        1

        རང་ཉིད་ཀྱི་བློ་སྒོ་འབྱེད་པའི་དཔེ་ཆ་གཙོ་བོ་དང་དེའི་ཕྲན་བཤད།

        བྱིས་པའི་དུས་སུ་ཡི་གེ་འབྲི་ཀློག་ལ་ཞུགས་པ་ནས་བཟུང་། སྒྲ་དག་པར་བཀླག་ཐུབ་མི་ཐུབ་ཅི་ལྟ་བ་དང་དོན་གསལ་པོ་གོ་མི་གོ་ཅི་ལྟར་ཡང་རུང་། རྒན་པ་རྣམས་ཀྱི་ངག་འགྲེལ་དང་། མིང་མཛོད་སོགས་གྲོགས་སུ་བསྟེན་ཏེ། རང་གིས་འབད་པས་དཔེ་དེབ་གོ་སླ་བའི་རིགས་ཡང་ཡང་བཀླགས་ན་དོན་གྱི་གོ་བ་རགས་ཙམ་རྙེད་པ་ནི། སྦྱངས་ཟིན་པའི་མིང་བརྡ་རྣམས་ཡིད་ལ་འཇགས་པར་བྱེད་པ་དང་། སྔར་མི་ཤེས་པའི་ཐ་སྙད་དག་ཁ་འདྲིས་མིག་འདྲིས་སུ་འགྲོ་བའི་ཐབས་ལམ་བཟང་པོ་ཞིག་ཡིན་པས། ངས་ཀྱང་བྱིས་པའི་དུས་སུ《ཞིན་ཧྭ་ཡིག་མཛོད》ལ་བརྟེན་ནས《སྐུ་ཞབས་ཏུན་ཀོ་དང་སྤྱང་ཀི》དང་། 《ལའེ་ཧྥུན་གྱི་གཏམ་རྒྱུད》ལྟ་བུ་རྒྱ་ཡིག་གི་དཔེ་ཆ་དང་། སྐབས་དེར་དྲིན་ལྡན་གྱི་ཨ་ཁུ་བཀྲ་ཤིས་རྒྱལ་ལགས་ཀྱིས་གནངས་པའི《དག་ཡིག་ཐོན་མིའི་དགོངས་རྒྱན》དང་ཕ་མ་བཀའ་དྲིན་ཅན་གྱིས་ངག་འགྲེལ་ལ་བརྟེན་ནས《མི་རོ་རྩེ་སྒྲུང》དང་། 《མགར་པ་སྟོབས་རྒྱས་དང་ཡེ་ཤེས་ལྷ་མོ》སོགས་བོད་ཡིག་གི་དེབ་དག་ཐོག་མར་བཀླགས་ཤིང་། དཔེ་དེབ་དེ་དག་ལས་བསྟན་པའི་དཀར་ནག་དབྱེ་འབྱེད་དང་། དགེ་སྡིག་ལེགས་ཉེས་ཀྱི་བརྗོད་བྱ་བཟང་པོས་ངའི་མི་ཚེ་ལ་སྐུལ་ལྕག་ཟབ་མོ་ཐེབས་ཤིང་། ལྷག་པར་ཨ་ཁུ་ལགས་ཀྱིས་བསྩལ་པའི《གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལེ་ཚན་འགའ་ཕྱོགས་བསྡུས》དང་། 《གསེར་ཏོག་སུམ་རྟགས》ཞེས་པ་ནི་ང་རང་གིས་མི་ཚེ་འདིར་ཐོག་མར་མཇལ་པའི་རིག་གཞུང་གི་བསྟན་བཅོས་དཀའ་མོའི་གྲས་ཡིན་པས་གུས་པ་བདག་གི་བྱིས་བློའི་རིག་པ་བོད་ཀྱི་བརྡ་སྤྲོད་རིག་པའི་ཀློང་ལ་དཀྱུས་ཤིང་། མི་ཚེ་ཧྲིལ་པོ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་པས། བྱིས་པའི་དུས་སུ་དཔེ་ཆ་ཇི་འདྲ་བ་ལ་ལྟ་བ་ནི། མི་ཚེ་དེར་མི་ཇི་འདྲ་བ་དང་ལས་ཀ་གང་ཞིག་བྱ་བའི་ཐོག་མའི་ལམ་བུ་ལྟ་བུར་ངེས་ལ། ང་རང་ཐ་ན་དགེ་རྒན་གྱི་ལས་ཀར་ཞུགས་པའི་རྗེས་སུའང་དགེ་རྒན་བཀའ་དྲིན་ཅན་དག་གིས་དཔེ་ཆ་འདི་དང་ཀན་ལ་ལྟོས་དང་། དེ་དང་དེ་འདྲ་བ་ལ་གཏན་ནས་མ་ལྟ་ཞེས་ལམ་སྟོན་གནངས་པ་ནི། ད་ལྟར་བསམས་ན་རྟ་ཁ་རྒྱུག་ལམ་ལ་དཀྱུས་པ་དང་གཉིས་སུ་མ་མཆིས་པའི་ཕྱིར་ན། བལྟ་བྱའི་དཔེ་ཆ་ལ་གདམ་ག་དང་ཕྱོགས་སྟོན་བྱེད་མཁན་ཞིག་ཅིས་ཀྱང་ཡོད་དགོས་སྙམ་མོ།།

        2

        ངེས་པར་བཀླག་དགོས་པའི་དཔེ་ཆ་མཚམས་སྦྱོར་ཞུ་བ།

        བྱིས་པ་ཞིག་རིམ་གྱིས་ནར་སོན་ཏེ་མི་འཇོན་ཐང་ཅན་དུ་འགྱུར་བའི་གོ་རིམ་དུ། རང་ལ་ཐོབ་པའི་ཤེས་བྱའི་བརྒྱ་ཆའི་བརྒྱད་ཅུ་ནི་མིག་དང་རྣ་ཤེས་ལས་ཐོབ་པ་ཡིན་པར་གྲགས་པ་ལྟར། མི་ཞིག་འཇིག་རྟེན་གྱི་ཡུལ་ཁམས་ཡོངས་ལ་ལྟ་མྱུལ་དུ་འགྲོ་བའི་ལེགས་ལམ་ཉག་གཅིག་ནི་དཔེ་ཆ་ལ་ལྟ་བའི་ཐབས་དེ་ལས་ལྷག་པ་ཞིག་འདས་ཤིང་མ་འདས་པའི་སྐབས་གང་དུའང་ཡོད་པ་མ་ཡིན་པས། དཔེ་ཆ་ནི་མི་ཚེ་ཧྲིལ་པོའི་འཚོ་བའི་ཐོན་ཁུངས་ཁྱད་དུ་འཕགས་པ་དང་། ནམ་ཡང་ཁྲེལ་ལ་གནས་པའི་གྲོགས་ཀྱི་དྭངས་མ་གཅིག་པུ་རུ་འདུག་ནའང་། ཡི་གེ་ཡོད་པའི་མི་རིགས་ཤིག་ལ་རང་གི་བསམ་བློའི་འདུ་ཤེས་དང་། འཚོ་བའི་གོམས་སྲོལ་དང་འབྲེལ་ཆེ་བའི་དཔེ་ཆ་ཕུལ་དུ་བྱུང་བ་ཅིས་ཀྱང་མང་དུ་ཡོད་པ་བཞིན། བོད་པའི་གཞོན་ནུ་ཞིག་ལ་མཚོན་ན་ཐོག་མར《མི་རོ་རྩེ་སྒྲུང》དང་། 《རྟ་རྒྱུག་དཔྱིད་ཀྱི་ཉི་མ》དང་། 《ཧོར་གླིང་གཡུལ་འགྱེད》དང་། 《གཏམ་དཔེ་མཐོང་བ་འཛུམ་ཤོར》དང་། 《གཏམ་པདྨའི་ཚལ་གྱི་ཟློས་གར》སོགས་ལ་ཡང་ཡང་མཇལ་ཅིང་། བོད་སྐད་རྣལ་མའི་ཚིག་སྦྱོར་ཡང་དག་པ་ལ་བརྟེན་ནས་སྐད་ཆའི་རྨང་གཞི་བརྟན་པོ་འཆག་ཅིང་། དེའི་འཕྲོར་རང་རང་གི་དགའ་ཕྱོགས་དང་སྦྲེལ་ཏེ་རིག་གནས་བྱེ་བྲག་པ་དག་གི་རྨང་གཞིའི་སྐོར་གྱི་དཔེ་ཆ་དག་ལ་སུན་པ་མེད་པར་ཡང་ཡང་ལྟ་ཞིང་། ཡང་ཡང་བསམ་བློ་གཏོང་གིན་གཏོང་གིན་དེ་དང་འབྲེལ་ཡོད་ཀྱི་ཡིག་རིགས་མི་གཅིག་པའི་དཔེ་ཆ་ཅི་ལྟར་མང་པོ་ལ་མཇལ་ཐུབ་ན་དེ་ལྟར་ལེགས་པས། ངས་ཀྱང་དེ་བཞིན་དུ《སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས》དང་། 《སི་ཏུའི་ཞལ་ལུང》དང་། 《པྲ་ཏིའི་ཀུན་བཟང་དགོངས་རྒྱན》སོགས་ལ་མ་མཐའ་ཡང་ལན་གྲངས་བཅུ་ཕྲག་ཡན་ལ་བལྟས་པར་མ་ཟད། རང་གི་ཆེད་ལས་དང་ཐད་ཀར་འབྲེལ་བ་དམ་པོ་མེད་པའི་ལོ་རྒྱུས་དང་། རྩོམ་རིག གསོ་རིག ནང་རིག སྐར་རྩིས། དམངས་སྲོལ་སོགས་ཀྱིས་གཙོས་པའི་ཡིག་རིགས་གང་རུང་གི་དཔེ་ཆ་སྣ་ཚོགས་ལག་ཏུ་སོན་ཚད་ལ་དཔེ་ཆ་དེ་རིགས་ཐོག་མར་ལག་ལ་ཐོབ་མ་ཐག་པའི་ཨ་གསར་གྱི་སྤྲོ་སྣང་མ་ཡལ་པའི་བར་ལ་མྱུར་དུ་མཇལ་ཏེ་ཤེས་རྒྱ་སྐྱེད་པར་འབད་ཅིང་། ལྷག་པར་ལོ་འདི་འགའི་རིང་ལ་དཔེ་དེབ་གཅིག་བྲི་བའི་ཆེད་དུ་མ་མཐའ་ཡང་བོད་ཡིག་དང་རྒྱ་ཡིག་གི་དཔེ་དེབ་བརྒྱ་ཕྲག་ལྷག་ལ་བལྟས་ཤིང་ལྟ་བཞིན། རིག་པ་གཞན་ལས་རྙེད་པའི་ཐབས་ཀྱིས་བོད་ཀྱི་སྐད་ཡིག་གི་གསང་བའི་གཏེར་ཁ་མང་པོ་དཔྱད་ཞིབ་ནན་མོས་བཙལ་ཏེ། སློབ་ཁྲིད་དང་ཞིབ་འཇུག་ནམ་ཡང་ཟུང་དུ་སྦྲེལ་བའི་སྒོ་ནས། ཁྲིད་པས་དཔྱད་འབྲས་ལ་བརྡར་ཤ་གཅོད་ཅིང་། དཔྱད་པས་སློབ་ཁྲིད་ལ་ཟུངས་གསར་བསྐྲུན་ཅིང་སྐྲུན་པར་འབད་པའི་ཁུལ་བྱས་པ་ཡིན་ནོ།།

        3

        དཔེ་ཀློག་ཐད་ཀྱི་སེམས་གཏམ་ཐན་ཐུན།

        དཔེ་ཆར་ལྟ་བ་ལ་སྤྲོ་བ་རྒྱས་པ་གལ་ཆེ་བས། ཐ་ན་སྔར་མ་ཤེས་པའི་མིང་བརྡ་གཅིག་ཙམ་གསར་དུ་ཤེས་པའི་ཚེ་ན། ངས་དེ་རིང་དཔེ་ཆ་འདི་ལ་བལྟས་པས་འདི་འདྲ་བ་ཤེས་སོང་། འདི་ལྟར་མུར་མཐུད་དེ་བལྟ་རྒྱུ་རྒྱུན་འཁྱོངས་བྱ་ཐུབ་ན། འདི་ལས་ལྷག་པའང་ཤེས་པ་ཁོ་ཐག་རེད་བསམས་ཏེ་རང་སེམས་རང་གིས་གསོ་ཞིང་། ང་དང་ངའི་གྲོགས་པོ་དག་གི་རྒྱུགས་འབྲས་ཀྱི་བཟང་ངན་དང་། བསླབ་གནས་ཀྱི་མཐོ་དམའ་དང་། སྤྱི་ཚོགས་ཀྱི་ཐོབ་ཐང་དང་། མི་ལུས་ཀྱི་རིན་ཐང་ལ་ད་ལྟར་ཁྱད་པར་འདི་འདྲ་བ་བྱུང་བ་ནི། ང་རང་ཡུལ་གཞན་ལ་མྱུལ་པའི་སྐལ་བ་མ་བྱུང་། གཞན་དང་མཚུངས་པའི་མཐུན་རྐྱེན་ལེགས་པོ་མ་འཛོམས་པས་ལན་པ་ཡིན་པས། གལ་ཏེ་གཞན་གྱིས་དཔེ་ཆ་གཅིག་ཙམ་ལ་ལྟ་དུས་ངས་ཅིས་ཀྱང་དེ་ལས་ལྡབ་འགྱུར་གྱི་དཔེ་ཆ་ལ་བལྟ་ཐབས་བྱ་དགོས་བསམ་ཞིང་དེ་བཞིན་རྟག་ཏུ་འབད་པས་མངོན་དུ་འགྱུར་བར་བརྩོན་པ་ལྷོད་མེད་བྱས་ན། ཡངས་པའི་རྒྱལ་ཁམས་མ་མྱུལ་ཀྱང་། ངོ་མཚར་པའི་ལྟད་མོ་སྣ་ཚོགས་མཐོང་ཞིང་། སྔར་མ་ཤེས་པའི་ཤེས་བྱ་མང་པོ་རྟོགས་པར་གྱུར་ཏེ། རང་གི་ལུས་ཀྱི་མཐོ་ཚད་ཇེ་མཐོར་མི་འགྱུར་ཡང་ཡོན་ཏན་གྱི་ཞེང་ཚད་ཇེ་ཆེར་འགྱུར་ངེས་པ་ནི། བརྗོད་བྱ་ལེགས་ལམ་ལ་བཀྲི་ཞིང་རྗོད་བྱེད་དམངས་ཡོངས་ཀྱི་སྐད་ཆའི་བརྗོད་ལུགས་ཡང་དག་དང་མཐུན་པའི་དཔེ་ཆ་དག་ལ་མཇལ་ན། དོན་གྱི་ཆ་ནས་གོ་བ་སྐྱེད་ཅིང་སྐད་ཆའི་ཐད་ནས་གོམས་སྲོལ་ཡག་པོ་ཞིག་ངང་གིས་མི་བསྐྱེད་པ་སྐབས་གང་དུའང་ཡོད་པ་མ་ཡིན་པས། དཔེ་ཆར་ལྟ་བ་ནི་མི་ཞིག་གི་མི་ཚེའི་རིན་ཐང་ཇེ་ཆེར་འགྲོ་བའི་རྒྱགས་ཕྱེ་དང་། ཡངས་པའི་རྒྱལ་ཁམས་མྱུལ་བའི་བགྲོད་ལམ་ཆེས་བཟང་པོ་ཡིན་པས་ན། སློབ་མའི་དུས་སྐབས་སུ་མ་ཟད་པར་མི་སུ་ལའང་ཉི་མ་ཧྲིལ་པོར་དཔེ་ཆར་བལྟ་བའི་ཁོམ་ལོང་ནམ་རྒྱུན་ཡོད་དཀའ་ཡང་། དུས་ཚོད་སྐར་ཆ་རེ་རེ་བསགས་ནས་ཉིན་གྲངས་ལོང་བར་བྱེད་པའི་སྐབས་ནི་ཤིན་ཏུ་མང་ཕྱིར། ཉི་མ་རེ་ལ་དཔེ་ཆ་ཤོག་ལྷེ་བཅུ་ཕྲག་ཡན་བལྟ་རྒྱུའི་གོམས་སྲོལ་ཆགས་པར་བྱ་ཞིང་། རང་གི་གོ་ཐོབ་ཀྱི་མྱོང་བ་ཅི་རིགས་ལག་དེབ་སོགས་སུ་བྲི་བ་རྒྱུན་འཁྱོངས་བྱས་ན། ནམ་ཞིག་གི་དུས་ལ་ཐུང་བ་རྩོམ་ཡིག་དང་རིང་བ་དཔེ་ཆ་བྲི་བའི་སྤོབས་པའང་འཐོབ་པར་འགྱུར་བ་མྱོང་བར་གྲུབ་བོ།།

      རྩོམ་འཇུག་པ།ལྷ་ཆེན་རྒྱལ།