ཞོགས་པ་ཞིག་གི་དྲན་སྣང་།

      ཡོང་ཁུངས། : བོད་ཀྱི་དྲ་བ།      སྤེལ་དུས། : 2017-04-28 17:30:08      རྩོམ་སྒྲིག་པ། : རྟ་མགྲིན་དཔལ།

      བཀྲ་ཤིས་རྡོ་རྗེ།(ཀན་ལྷོ)  

              གློ་སྙིང་ཆུ་ལ་བཞག་པའི་མི་ཚེའི་སྙིང་བོ།།

        མདུན་མ་རོ་ལ་གཏད་པའི་ལས་འཕྲོ་ཟད་པོ།།

        གང་བྱས་ངང་གིས་འགྱོད་པའི་སྣང་བ་རབ་རིབ།།

        གློ་བུར་སད་རྟོགས་བྱུང་བའི་སྒྱུ་མའི་རི་མོ།།

        རྒྱང་གི་རི་བོ་མཐོང་ན་འགྲོ་འདོད་ཆེ་ཞིང་།།

        གམ་གྱི་མཛེས་མའི་ངོ་གདོང་ལྡོག་ནུས་བྲལ་བའི།།

        རེ་དོགས་སྨིག་རྒྱུའི་ལང་ཚོ་མེ་རུ་འཛད་ན།། ཁྲམ་པའི་ངོ་སོ་འདི་རང་གང་ལ་འཇོག་དགོས།།

        ལོ་ཟླའི་གྲིབ་སོ་རྒས་པའི་དགོང་ཞོགས་རེ་རེ།།

        ཉོག་གི་བམ་ཁ་ཆེ་བའི་མི་ངོ་འཚོ་དུས།།

        རིང་དུ་འདྲེས་ཡུན་ཐལ་བའི་སུན་སྣང་བན་བུན།།

        འཚོ་བའི་སྙིང་བོར་སྒོམ་ནས་ཨམ་གཙིགས་བསྡམས་རུང་།།

        འདུས་བྱས་མི་རྟག་མདང་གི་རྨི་ལམ་བསམ་ན།།

        སུ་ལའང་ཞེན་ཆགས་དོར་ནས་དབེན་པ་སྙེག་འདོད།།

        གང་ལ་དམིགས་པ་ཕྱོགས་ནས་སྙིང་རུས་སྐྱེད་འདོད།། ཅི་བསམ་རེ་བ་བཞིན་དུ་འགྲུབ་ན་བསམ་ཡོད།།

        མི་སྣང་ལས་ཀྱིས་བསྐྲུན་པའི་ལམ་བུ་རེ་རེ།།

        མི་ཚེ་རྒྱན་དུ་བཙུགས་འདྲའི་རྣམ་སྨིན་ཆེ་ཡང་།།

        སང་གི་ཉི་མ་སྔར་ལས་དྲོ་སྣང་ཞིག་གིས།།

        དབུགས་ཀྱི་འཕྲོ་མ་དེ་ལ་གསེར་ཆུ་བསྐུས་རུང་།།

        བསམ་ན་ས་རྡོས་བྱས་པའི་འཇིག་རྟེན་ལོངས་སྤྱོད།།

        ཐོབ་ཀྱང་གླེང་རིན་ཆུང་བའི་ངེས་ཤེས་རྙེད་དུས།།

        འཆི་བ་མི་རྟག་དགུང་གི་འཇའ་ཚོན་རེ་ཉིད།། ནམ་ཞིག་གང་ནས་ཤར་དེ་གང་ནས་ཡལ་ངེས།།

        བཟུང་ན་འཛིན་མེད་སྒྱུ་མའི་རྟ་ཕོ་ཡིན་རེད།།

        ཐོབ་ན་དོན་མེད་མི་བརྟན་འཁོར་བ་ཡིན་རེད།།

        འཛིན་མེད་ཐོབ་མེད་ཀློང་ནས་མི་ཚེ་སྐྱེལ་རྒྱུ།། མདོ་མེད་དམིགས་མེད་ང་རེས་ལས་སྣང་འདི་ག།

        16\6\2016