བུད་མེད་ཀྱི་ཟླ་མཚན་དུས་ལྟར་མ་བབས་པ་དེ་རྒྱུ་རྐྱེན་གང་ཞིག་ཡིན་ནམ།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-05-04 17:12:18      རྩོམ་སྒྲིག་པ། : ཡེ་ཤེས །

        

      ལང་ཚོ་རྒྱས་པའི་དུས་སྐབས་ནས་ལང་ཚོ་རྒུད་པའི་དུས་སྐབས་བར་བུད་མེད་རྣམས་ལ་ཟླ་རེ་བཞིན་ཟླ་མཚན་འབབ་བཞིན་ཡོད་མོད། གལ་ཏེ་དུས་སྐབས་དེར་མངལ་སྦྲུམ་མེད་པའི་གནས་ཚུལ་འོག་ཟླ་མཚན་དུས་ལྟར་མི་འབབ་པ་དང་། ཐ་ན་མཚམས་རེར་ཟླ་འགར་མི་འབབ་པའི་གནས་ཚུལ་ཡང་འབྱུང་བཞིན་པས་དེའི་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ་ཞེ་ན།  བུད་མེད་ཆེ་གེ་མོ་ལོ་སུམ་ཅུར་བུད་ཅིང་ད་དུང་གཉེན་སྒྲིག་བྱས་མེད་པ་དང་། ལོ་གཅིག་གི་ཡར་སྔོན་ནས་བསྟུད་མར་ཟླ་བ་གསུམ་ནས་བཞི་ཙམ་ལ་ཟླ་མཚན་མ་བབས་པ་རེད། དེ་ནས་ཉེ་འགྲམ་གྱི་སྨན་ཁང་ཞིག་གི་མོ་ནད་ཚན་ཁག་ནས་བརྟག་དཔྱད་བྱས་ཤིང་ཧོང་ཐུས་ཐུང་(黄体酮)སོགས་སྨན་རྫས་བཀོལ་ནས་གསོ་བཅོས་བྱས་རྗེས། ཟླ་མཚན་རྒྱུན་ལྡན་མིན་པར་བབས། ཡིན་ནའང་འབབ་ཚད་སྔར་བཞིན་ཉུང་བས། ཁོ་མོའི་སེམས་སུ་རང་ཉིད་ལོ་ཆུང་རུང་ཟླ་མཚན་ཆད་པའི་དུས་ལ་ཐོན་སོང་བ་རེད་སྙམ་ནས་སེམས་འཚབ་ཆེན་པོ་བྱུང་། གྲོགས་པོ་ཞིག་གིས་ངོ་སྤྲོད་བྱས་པ་ལྟར། སྨན་ཁང་གཞན་ཞིག་ཏུ་སོང་ནས་ནང་གི་ཟགས་ཐོན་ལ་བརྟག་དཔྱད་བྱས་མཐར་བུད་མེད་དེའི་ཀླད་པའི་འཕྱང་གཟུགས་ཀྱི་བྱེད་ལས་ལ་གནད་དོན་ཡོད་པ་ཤེས། རྗེས་ནས་ཡང་བསྐྱར་བརྟག་དཔྱད་འཕྲུལ་ཆས་ཧི་ཚི་ཀོང་ཀྲིན(核磁共振)བཀོལ་ནས་བརྟག་དཔྱད་བྱས་པ་ལས་འཕྱང་གཟུགས་གཤེར་རྨེན་སྐྲན་ནད་བྱུང་ཡོད་པར་ངོས་བཟུང་། སྨན་པས་ཁོ་མོའི་ཟླ་མཚན་མ་བབས་པ་རྒྱུ་རྐྱེན་དེ་ལས་བྱུང་བ་རེད་ཟེར། དེ་ནས་བུད་མེད་དེས་སྨན་པས་ངག་བཀོད་ལྟར་གསོ་བཅོས་བྱས་མཐར། ཟླ་མཚན་ཡང་རིམ་བཞིན་རྒྱུན་ལྡན་དུ་གྱུར་ཅིང་ནང་གི་ཟགས་ཐོན་ཡང་རྒྱུན་ལྡན་དུ་གྱུར་པ་རེད།

        ཟླ་མཚན་ཆད་པ་ཞེས་པ་དེ་ནི་བུད་མེད་གང་ཞིག་གི་ཟླ་མཚན་དུས་ལྟར་མི་འབབ་པའམ་ཡང་ན་ཟླ་གསུམ་ནས་བཞིའི་རིང་ལ་མ་བབས་པ་དེར་ཟེར། བུད་མེད་ཀྱི་ཟླ་མཚན་དེ་བུ་སྣོད་ནང་སྐྱི་ནས་ཟླ་རེར་མངལ་སྒོར་འབབ་བཞིན་ཡོད་ཅིང་། དེ་ནི་ཀླད་དེའི་འོག་མ་དང་འཕྱང་གཟུགས། བསམ་སེའུ་མདའ་བཅས་ཀྱི་དབང་རྩའི་ནང་གི་ཟགས་ཐོན་སྙོམས་སྒྲིག་བྱེད་པར་བརྟེན་ཡོད་ཕྱིར་གོང་སྨྲས་དེ་དག་ལས་གནས་གང་ལ་རྒྱུ་བྱས་རུང་ཟླ་མཚན་མི་སྙོམས་པ་དང་། ཐ་ན་ཟླ་མཚན་ཆད་པའི་གནས་ཚུལ་ཡང་འབྱུང་སྲིད། བུད་མེད་ལ་གློ་བུར་དུ་ཟླ་མཚན་མ་བབས་ན་ངེས་པར་དུ་མངལ་སྦྲུམ་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས་ཤིང་། གལ་ཏེ་མངལ་སྦྲུམ་པ་མིན་ན་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ཏེ་ཟླ་མཚན་ཆད་པའི་རྒྱུ་རྐྱེན་བཙལ་ནས་དེ་དང་མཐུན་པའི་གསོ་བཅོས་བྱ་དགོས།

        དང་པོ། བསམ་བློར་ཕོག་ཐུག་ཐེབས་པ་ལས་ཟླ་མཚན་ཆད་པ།

        བསམ་བློར་ཕོག་ཐུག་ཐེབས་པ་དེ་ནི་བུད་མེད་ཀྱི་ཟླ་མཚན་མི་སྙོམས་པ་དང་ཟླ་མཚན་ཆད་པའི་ཆེས་རྒྱུན་མཐོང་གི་རྒྱུ་རྐྱེན་ཞིག་རེད། དེ་ནི་གཙོ་བོར་སེམས་ཁམས་བཏང་སྙོམས་མིན་པ་ལས་བྱུང་བ་རེད། གལ་ཏེ་སློབ་སྦྱོང་དང་བྱ་བ། འཚོ་བ་སོགས་ཀྱི་གནོན་ཤུགས་དང་། སེམས་མི་སྐྱིད་པ་དང་སེམས་འཚབ་པ། བསམ་བློར་ཕོག་ཐུག་ཆེན་པོ་ཐེབས་པ་སོགས་ཀྱི་སྐབས་སུ། བུད་མེད་ཀྱི་ཟླ་མཚན་མི་སྙོམས་པ་དང་ཟླ་མཚན་ཆད་པའི་གནས་ཚུལ་བྱུང་བ་རེད། བུད་མེད་དེ་དག་ལ་མོ་ནད་དང་མཚན་མའི་སྐུལ་རྩིར་བརྟག་དཔྱད་བྱས་ན་རྒྱུན་ལྡན་མིན་པའི་སྣང་ཚུལ་ཅི་ཡང་མེད་མོད། སེམས་ཁམས་ལ་བརྟག་ན་རྒྱུན་པར་སེམས་ཁྲལ་ཆེ་བ་དང་སེམས་སྡུག་མང་བའི་བུད་མེད་དང་ལུས་ཕུང་བདེ་ཐང་ཡིན་པའི་བུད་མེད་གཉིས་བསྡུར་ན་ཁྱད་པར་ཤིན་ཏུ་ཆེ། ཁོ་མོ་ཚོར་རྒྱུན་སྲོལ་གྱི་ཟླ་མཚན་སྙོམས་པའི་གསོ་བཅོས་བྱེད་ཐབས་བཀོལ་ན་ཕན་འབྲས་ཆེན་པོ་ཐོན་མི་ཐུབ་ལ། ཟླ་མཚན་ཆད་པའི་རྒྱུ་རྐྱེན་དེ་སེམས་ཁམས་གསོ་བ་གཙོར་བྱེད་པ་དང་ཞོར་ནས་སྨན་རྫས་ཀྱིས་གསོ་བཅོས་བྱེད་དགོས། འཚོ་བའི་ཁྲོད་དུ་ནམ་རྒྱུན་ལུས་སེམས་སྐྱིད་པོར་གནས་པ་དང་། སེམས་ཁམས་མི་སྐྱིད་པའི་གནས་ཚུལ་དང་གཡོལ་ཐབས་བྱེད་དགོས། ཁོར་ཡུག་ལ་འགྱུར་ལྡོག་བྱུང་བའི་སྐབས་སུ་གང་ནུས་ཀྱིས་ཁོར་ཡུག་གསར་བ་དང་བསྟུན་གང་ཐུབ་བྱེད་དགོས་ཤིང་སེམས་ཁམས་ཀྱི་གནོན་ཤུགས་ཡོད་ཚད་སེལ་ཐབས་བྱས་ན། ཟླ་མཚན་ཡང་རིམ་བཞིན་རྒྱུན་ལྡན་དུ་འགྱུར་སྲིད།

        གཉིས་པ། འཕྱང་གཟུགས་རང་བཞིན་གྱི་ནད་རིགས་ལ་རྐྱེན་བྱས་ཏེ་ཟླ་མཚན་ཆད་པ། (དཔེར་ན་འཕྱང་གཟུགས་གཤེར་རྨེན་སྐྲན་ནད་ལྟ་བུ།)འཕྱང་གཟུགས་གཤེར་རྨེན་སྐྲན་ནད་ནི་རྒྱུན་མཐོང་གི་མགོ་ནང་སྐྲན་དཀར་རིགས་ཤིག་ཡིན་ཞིང་། དེའི་འབྱུང་ཁུངས་གཙོ་བོ་ནིའཕྱང་གཟུགས་ཀྱི་མདུན་ངོས་སུ་ཡོད་པ་དང་ལོ་ན་སུམ་ཅུ་ནས་བཞི་བཅུའི་བར་དེར་འབྱུང་ཚད་མཐོ། འཕྱང་གཟུགས་གཤེར་རྨེན་སྐྲན་ནད་བྱུང་རྗེས། འཕྱང་གཟུགས་སྐུལ་རྩིའི་རྒྱུན་ལྡན་མིན་པའི་ནང་གི་ཟགས་ཐོན་གྱིས་བརྗེ་ཚབ་འཁྲུགས་པ་དང་དོན་སྣོད་ལ་གནོད་པ་བཟོ་སྲིད། སྐྲན་ནད་ཀྱི་གནོན་ཤུགས་ཀྱིས་འཕྱང་གཟུགས་གཞན་པའི་སྐུལ་རྩིའི་ཟགས་ཐོན་ཇེ་ཉུང་དུ་བཏང་བ་ལས། དེ་དང་འབྲེལ་བའི་བྱེད་ལས་ལ་གནོད་པ་ཐེབས་སྲིད། དེར་བརྟེན། འཕྱང་གཟུགས་གཤེར་རྨེན་སྐྲན་ནད་དེར་ནད་ཐོག་གི་ནད་རྟགས་ཧ་ཅང་མང་པོ་ཡོད་དེ། ཡན་ལག་སྣེ་རྒྱགས་ཆེ་ནད་དང་གཟུགས་ཆེན་ནད་སོགས་དང་ཡང་ན་ཟླ་མཚན་ཆད་པ་དང་། འོ་མ་འཛིམ་པ་དང་མཚན་མའི་བྱེད་ལས་ཉམས་པ་སོགས་འབྱུང་། མི་ལ་ལར་ད་དུང་ཨོལ་གོང་གཤེར་རྨེན་རྒྱས་ཐལ་ནད་དང་ཨོལ་གོང་གཤེར་རྨེན་གྱི་བྱེད་ལས་དམའ་བ་སོགས་འབྱུང་སྲིད་ལ། ད་དུང་མི་རེ་འགར་མངོན་རྟགས་དེ་འདྲ་མི་གསལ་བའི་ནང་གི་ཟགས་ཐོན་འཁྲུགས་པའི་སྣང་ཚུལ་བྱུང་ནས་མིག་ཤུགས་ཀྱང་ཉམས་འགྲོ། གལ་ཏེ་འཕྱང་གཟུགས་གཤེར་རྨེན་སྐྲན་ནད་དེ་སྔ་མོ་ནས་ངོས་ཟིན་པ་དང་སྔ་མོ་ནས་གསོ་བཅོས་བྱས་ན། མི་ལུས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཉུང་དུ་གཏོང་ཐུབ།

        གསུམ་པ། བསམ་སེའུ་རང་བཞིན་གྱི་ཟླ་མཚན་ཆད་པ།

        བསམ་སེའུ་རང་བཞིན་གྱི་སྐུལ་རྩིའི་ཚད་དམའ་བས། བུ་སྣོད་ནང་སྐྱི་ལ་དུས་འཁོར་རང་བཞིན་གྱི་འགྱུར་ལྡོག་མ་བྱུང་བར་བརྟེན་ཟླ་མཚན་ཆད་པ་རེད། དེ་ལ་བསམ་སེའུ་རང་བཞིན་གྱི་ཟླ་མཚན་ཆད་པ་ཟེར། དེ་ལས་ཆེས་རྒྱུན་པར་མཐོང་བ་ནི་བསམ་སེའུ་སྔ་མོ་ནས་ཉམས་རྒུད་དུ་གྱུར་པ་དང་། སྣོད་མང་བསམ་སེའུ་རྟགས་འདུས་ནད་བཅས་རེད།

        བསམ་སེའུ་ནུས་པ་སྔ་མོ་ནས་ཉམས་པ་ཞེས་པ་ནི། སྤྱིར་བུད་མེད་རྣམས་ལོ་བཞི་བཅུར་བུད་རྗེས། བསམ་སེའུ་བྱེད་ལས་ད་གཟོད་རིམ་གྱིས་ཉམས་མགོ་ཚུགས་པ་ཡིན་ལ། བུད་མེད་ལ་ལར་རྒྱུད་འདེད་རང་བཞིན་དང་རང་སྟེང་གི་རིམས་འགོག་རང་བཞིན་གྱི་རྒྱུ་རྐྱེན། འོ་ཧྭགས་ཕྱེད་མའི་བརྗེ་ཚབ་རྒྱུན་ལྡན་མིན་པ་སྙོམས་སྒྲིག་བྱེད་པ། འགྱེད་འཕྲོས་གསོ་བཅོས་དང་། རྫས་འགྱུར་གསོ་བཅོས། རེད་པ། སེམས་ཁམས་ལ་ཕོག་ཐུག་ཆེན་པོ་ཐེབས་པ། རིམས་འགོག་རང་བཞིན་གྱི་སྨན་རྫས་སོགས་ཀྱིས་རྐྱེན་བྱས་ཏེ། བསམ་སེའུ་ནང་གི་ཁམས་ཝུ་ཟད་པའམ་གཏོར་བརླག་ཐེབས་པ། བསམ་སེའུ་ལ་གཤགས་བཅོས་བྱས་ནས་བླངས་པ་ལས་བསམ་སེའུ་བྱེད་ལས་སྔ་མོ་ནས་ཉམས་པས། ཟླ་མཚན་ཆད་པའི་སྣང་ཚུལ་བྱུང་བ་རེད། ལྷན་སྐྱེས་རང་བཞིན་གྱི་བསམ་སེའུ་འཚར་སྐྱེ་བྱུང་ཚུལ་མི་ལེགས་པ་དང་། བསམ་སེའུ་བྱེད་ལས་ལ་གནོད་པ་ཐེབས་པ་ལས་བསམ་སེའུ་ཉམས་པའི་ནད་པར་སྤྱིར་བཏང་དུ་སྐུལ་རྩི་སྤྱད་དེ། དུས་འཁོར་རང་བཞིན་གྱི་གསོ་བཅོས་ཀྱི་ཚབ་བྱེད་པ་དང་། དེའི་ནུས་པ་ནི་ཟླ་མཚན་ཆད་པ་དང་། སེམས་འཚབ་པ་སོགས་ཀྱི་ནད་རྟགས་ཇེ་ཡང་དང་ཡང་ན་མེད་པར་གཏོང་ཐུབ་ལ། ད་དུང་མཚན་མའི་བྱེད་ལས་དང་མོ་གཤིས་སྐུལ་རྩི་ཉུང་བར་བརྟེན་ནས་བསླངས་པའི་བརྗེ་ཚབ་རྒྱུན་ལྡན་མིན་པ་དེ་ཇེ་བཟང་དུ་གཏོང་ཐུབ་པ་དང་། ཏོག་དབྱིབས་འཕར་རྩའི་སྙིང་ནད་དང་། རུས་སོབ། རུས་པར་ཆག་སྐྱོན་སོགས་འབྱུང་ཚད་ཇེ་དམར་གཏོང་ཐུབ།

        བཞི་བ། བུ་སྣོད་རང་བཞིན་གྱི་ཟླ་མཚན་ཆད་པ།

        ཐེངས་མང་པོར་སྲིད་བཤུག་པའམ་ཡང་ན་བྱིས་པ་བཙས་རྗེས་ཁྲག་མང་པོ་བཞུར་བ་དང་བུ་སྣོད་ནང་སྐྱིར་གནོད་པ་ཐེབས་པ་ལས། ཟླ་མཚན་ཆད་པའམ་ཡང་ན་ཇེ་ཉུང་དུ་གྱུར་བ་དང་། ད་དུང་སྲིད་བཤུག་རྗེས་རེད་པ་དང་བང་ནང་ནས་རེད་པ། བུ་སྣོད་ནང་སྐྱིའི་འདུས་འདྲིལ་རེད་པ་འབྱུང་བ་སོགས་ཀྱིས་ཀྱང་ཟླ་མཚན་ཆད་སྲིད་པ་དང་། མངལ་སྐེ་སྟེང་ལྤགས་ནང་སྐྲན་གཤགས་བཅོས་བྱས་པ་སོགས་ལས་བཟོས་པའི་མངལ་སྐེ་སྦུ་གུ་འབྱར་བག་བྱུང་བ་དང་། ཇེ་དོག་ཏུ་གྱུར་བ་ལས་ཀྱང་ཟླ་མཚན་ཆད་པ་དང་ཟླ་མཚན་འབབ་སྐབས་ན་ཟུག་ལངས་པར་བྱེད་སྲིད། ནད་རྟགས་དེ་དག་བྱུང་ཚེ། དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་གསོ་བཅོས་བྱས་ནས་ནང་གི་ཟགས་ཐོན་དང་བྱིས་པ་བཙའ་སྐྱེ་ཕྱོགས་སུ་གནོད་པ་མི་ཐེབས་པ་བྱེད་དགོས། །

       རྩོམ་འཇུག་པ།  ཡེ་ཤེས་སྒྲོལ་མ།