ཟླ་མཚན་མི་སྙོམས་པའི་རྒྱུ་རྐྱེན་དངོས།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-05-04 17:06:24      རྩོམ་སྒྲིག་པ། : ཡེ་ཤེས །

        ང་ཚོའི་སྒོ་བསྟེན་ཁང་དུ་རྒྱུན་པར་གཤམ་གྱི་གནས་ཚུལ་འདི་དག་ཡོད་པའི་བུད་མེད་རེ་འགར་ཐུག་སྲིད་དེ། ཟླ་མཚན་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་བ་དང་། ཟླ་མཚན་འབབ་པའི་དུས་ཡུན་ཇེ་རིང་དུ་གྱུར་ཏེ་ཆད་ལ་ཉེ་བ། ཟླ་མཚན་མི་སྙོམས་པ་དང་བསྟུན་ནས་བུད་མེད་ལ་ལའི་ལུས་ཀྱི་ལྗིད་ཚད་ཡར་འཕར་བ་དང་གདོང་ལ་སྲིན་ཐོར་འབུད་པ། རྐང་ལག་གི་སྟེང་དུ་སྤུ་མཐུག་པོ་སྐྱེས་པ་སོགས་བྱེད། འདི་ལྟ་བུའི་རྟགས་སྣ་ཚོགས་འབྱུང་བའི་བུད་མེད་ལ་མངལ་སྦྲུམ་དཀའ་བས། སྨན་པ་གང་མང་བསྟེན་ནས་སྨན་གང་ཡིན་བཀོལ་རུང་ཕན་ཐོགས་འབྱུང་མི་སྲིད་པ་ཡིན། བུད་མེད་དེ་དག་གི་མཚན་མའི་སྐུལ་རྩིར་ཚད་འཇལ་གཏན་འཁེལ་བྱས་ན། སྐུལ་རྩི་ཕོ་དང་སེར་གཟུགས་སྐུལ་རྩིའི་སྐུལ་བྱེད་ཅུང་མཐོ། སྒྲ་བརྒལ་འཕྲུལ་ཆས་ལས་བལྟས་ན། ཕྱོགས་གཉིས་ཀྱི་བསམ་སེའུ་ཅུང་ཇེ་ཆེར་གྱུར་ནས་ནང་དུ་ཁམས་ཝུ་ཆུང་ཆུང་བཅུ་ལྷག་ཡོད་པ་རེད། བུད་མེད་ཀྱི་ལུས་སྟེང་དུ་ཅིའི་ཕྱིར་སྐུལ་རྩི་ཕོ་ཡི་འདུས་ཚད་མཐོ་བ་དང་ཁམས་ཝུ་མང་རུང་། ཟླ་མཚན་མི་སྙོམས་པ་དང་མངལ་སྦྲུམ་མི་ཐུབ་པ་ཡིན་ནམ་ཞེ་ན།

        རྒྱུན་ལྡན་གྱི་ཟླ་མཚན་འབབ་ཡུན་ནི་ཀླད་པ་དང་ཀླད་དེའུ་འོག་མ། འཕྱང་གཟུགས། བསམ་སེའུ་མདའ་བཅས་ཀྱིས་ཕན་ཚུན་མཐུན་སྦྱོར་བྱས་ནས་ཟགས་ཐོན་སྐུལ་རྩིས་ཚོད་འཛིན་བྱེད་པ་ཞིག་ཡིན། བསམ་སེའི་ནང་གི་ཁམས་ཝུ་ནི་ཟླ་མཚན་གྱི་དུས་ཐོག་མའི་ཁམས་ཝུ་དེ་རིམ་གྱིས་ཆེར་རྒྱས་ནས་ཟླ་མཚན་གྱི་དུས་བར་མའི་སྐབས་སུ་ཐོན་དུས། ཁམས་ཝུ་གཅིག་གི་ཆེ་ཆུང་ན་ཚངས་ཐིག་ལ་ཧའོ་མུས་ཉི་ཤུ་ཡས་མས་ཙམ་དུ་གྱུར་ནས། ཁམས་ཝུ་དེ་གས་རལ་བྱུང་ནས་དེའི་ནང་གི་ཁམས་དམར་ཕྱིར་བཞུར་བ་དེ་ཁམས་འདྲེན་སྦུ་གུ་བརྒྱུད་ནས་དེའི་སྦུབས་སུ་སོང་སྟེ། དེ་ནས་ཁམས་དཀར་དང་ཁམས་གཉིས་འདྲེས་སྲིད་པར་མ་ཟད། རུམ་ཁམས་སུ་གྱུར་ནས་དེ་ཉིད་ཡང་བསྐྱར་ཁམས་འདྲེན་སྦུ་གུ་བརྒྱུད་ནས་བུ་སྣོད་ནང་དུ་སོང་སྟེ་ཕྲུ་གུ་ཆགས་པ་རེད། ཁམས་དམར་དེ་ཁམས་དཀར་དང་མ་འཕྲད་ཚེ། ཟླ་མཚན་རང་ཤུགས་ཀྱིས་མར་འབབ་སྲིད།

        གལ་ཏེ་ང་ཚོའི་སྐྱེ་འཕེལ་མདའི་བར་དུ་ཚོད་འཛིན་ལེགས་པོ་བྱེད་མ་ཐུབ་ཚེ་ཟླ་མཚན་མི་སྙོམས་པར་འགྱུར་སྲིད། དེ་ལས་གལ་ཏེ་ང་ཚོའི་ཁྲག་རྒྱུན་ནང་དུ་སྐུལ་རྩི་ཕོ་དང་སེར་གཟུགས་སྐུལ་རྩའི་སྐུལ་བྱེད་ཇེ་མཐོར་གྱུར་ན། ཁམས་ཝུ་དེ་ནམ་ཡང་ཇེ་ཆེར་འགྱུར་མི་སྲིད་པར་ཁམས་ཝུ་ཆུང་བ་དེ་དག་བསམ་སེའུ་ནང་ནས་རིམ་གྱིས་མེད་འགྲོ། དུས་མཚུངས་སུ་སྐུལ་རྩི་ཕོ་ཆེས་མང་ན་ལུས་ཐོག་ཏུ་སྤུ་མང་པོ་སྐྱེས་པ་དང་དར་འབྲུམ་འབྱུང་ངེས། ནང་གི་ཟགས་ཐོན་སྐུལ་རྩི་འཁྲུགས་པར་གྱུར་ཚེ་ལུས་པོའི་ལྗིད་ཚད་ཇེ་མཐོ་ནས་ཇེ་མཐོར་འགྱུར་སྲིད། འདི་ལྟ་བུའི་ཟླ་མཚན་མི་སྙོམས་པ་དང་བསྟུན་ནས་ལུས་པོར་ཚོ་འབུད་དང་སྤུ་མང་པོ་སྐྱེས་པ། མངལ་མི་ཆགས་པ། ཁྲག་རྒྱུན་ནང་གི་སྐུལ་རྩི་ཕོ་ཇེ་མཐོར་འགྲོ་བའི་རྟགས་འབྱུང་བ་དེ་ལ་གསོ་རིག་གི་གཞུང་ནས་སྣོད་མང་བསམ་སེའུ་རྟགས་འདུས་ནད་ཟེར།

        སྣོད་མང་བསམ་སེའུ་རྟགས་འདུས་ནད་དེ་མངལ་མི་ཆགས་པའི་བུད་མེད་ཁྲོད་དུ་ཆེས་མང་པོ་ཟིན་ཡོད་ཅིང་། ཁམས་ཕུད་མི་ཐུབ་པའི་རང་བཞིན་གྱི་མངལ་མི་སྦྲུམ་པའི་ཆེས་རྒྱུན་མཐོང་གི་རྒྱུ་རྐྱེན་ཁྲོད་ཀྱི་གཅིག་རེད། དེ་ལ་སྨན་རྫས་བཀོལ་ནས་གསོ་བཅོས་བྱས་ན་ནད་པ་མང་ཆེ་བས་ཁམས་ཕྱིར་ཕུད་ཐུབ་པ་དང་། གསོ་བཅོས་བྱས་རྗེས་སྤུ་མང་བ་དང་ལུས་ཚོ་བ། དར་འབྲུམ་འབྱུང་བ་བཅས་ཀྱང་རིམ་གྱིས་ཡལ་བར་འགྱུར་འགྲོ། དེ་བས་ནད་འདིའི་སྐོར་གསོ་བཅོས་བྱེད་སྐབས་ཐོག་མར་སྨན་རྫས་བཀོལ་ནས་གསོ་བཅོས་བྱས་ན་ལེགས་པ་དང་། གལ་ཏེ་སྨན་རྫས་ཀྱིས་ནུས་པ་མ་ཐོན་ཚེ། ད་གཟོད་གཤགས་བཅོས་ཀྱི་ཐབས་ལ་བརྟེན་དགོས། གསུས་ཁོག་མཐོང་ཤེལ་ལ་བརྟེན་ནས་གཤགས་བཅོས་བྱས་ན་རྨ་ཁ་ཆུང་ལ་སོས་ཚད་མགྱོགས་པ། གཤགས་བཅོས་བྱས་རྗེས་བརྒྱ་ཆའི་དྲུག་ཅུ་ནས་བདུན་ཅུར་ཉེ་བ་ཙམ་གྱི་ནད་པ་དུས་ཡུན་ཐུང་ངུའི་ནང་དྲག་ནས་ཁམས་ཕྱིར་ཕུད་ཐུབ་པར་འགྱུར། འོན་ཀྱང་རྨ་ཁ་ཆུང་བའི་གཤགས་བཅོས་དེ་ལ་སྐྱོན་ཆ་ཞིག་ཡོད་པ་ནི་བླ་གཉན་ནད་ཅུང་ཟད་འབྱུང་སྲིད། གཤགས་བཅོས་ཀྱིས་བསམ་སེའུ་ལ་རྨ་བཏོད་སྲིད་པས་ནད་པ་ལ་ལར་གཤགས་བཅོས་བྱས་རྗེས་ད་དུང་ཁམས་ཕྱིར་ཕུད་མི་ཐུབ་པར་དུས་ཡུན་ངེས་ཅན་ཞིག་ལ་ནད་རྟགས་ཡང་དང་བསྐྱར་དུ་འབྱུང་སྲིད།

        ཟླ་མཚན་དེ་འདྲ་མི་འབབ་པའི་སྣང་ཚུལ་དེ་བུ་མོ་གཞོན་ནུ་མ་རྣམས་ལའང་རྒྱུན་དུའབྱུང་བཞིན་ཡོད་དེ། ཁོ་མོ་ཚོའི་ཀླད་དེའི་འོག་མ་དང་འཕྱང་གཟུགས། བསམ་སེའུ་མདའ་བཅས་ཀྱིས་ཕན་ཚུན་མཐུན་སྦྱོར་བྱེད་པའི་བྱེད་ལས་འཚར་སྐྱེ་ལེགས་པོ་བྱུང་མེད་པས་རྐྱེན་རེད། ལོ་ན་ཆེར་རྒྱས་པ་དང་བསྟུན་ནས་བསམ་སེའུ་མདའི་མཐུན་སྦྱོར་བྱེད་ལས་རིམ་གྱིས་འཚར་ལོངས་བྱུང་ནས་གོ་རིམ་ལྡན་པར་འགྱུར། དེ་ལ་བརྟེན་ནས་ཟླ་མཚན་ཡང་སྙོམས་པར་འགྱུར་སྲིད། གལ་ཏེ་ལང་ཚོ་སྨིན་པའི་དུས་ལས་ཡོལ་ནའང་ད་དུང་ཟླ་མཚན་དེ་འདྲ་མི་འབབ་ན། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་སྣོད་མང་བསམ་སེའུ་རྟགས་འདུས་ནད་བྱུང་ཡོད་མེད་ལ་བརྟག་དཔྱད་བྱས་ནས་དེར་བསྟུན་གྱི་གསོ་བཅོས་བྱེད་དགོས།།

        རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།