པེ་ཅིང་དུ་རྨ་འབྲི་རྫ་གསུམ་གྱི་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐོ་རིམ་དཔྱད་གླེང་གྲོས་ཚོགས་བསྡུས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-05 10:22:05      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལག་ལེན་དང་ཉམས་མྱོང་བརྗེ་རེས་བྱས་ནས་ཆེད་མཁས་ཀྱི་རྣམ་དཔྱོད་ལ་སློབ་སྦྱོང་གིས་ཀྲུང་ཧྭའི་ཆུ་མཛོད་ཆེན་མོའི་ཁོར་ཡུག་ཏུ་ཆགས་པའི་ཆུ་བོ་དང་མཚོ་འཚེའུ་ལ་སྲུང་སྐྱོབ་ལེགས་པོ་དང་རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཀྱི་ངོར། ཟླ༤བའི་ཚེས༢༡ཉིན་ལ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐོ་རིམ་དཔྱད་གླེང་ཚོགས་འདུ་དེ་པེ་ཅིང་དུ་བསྡུས་པ་རེད། འབྲེལ་ཡོད་སྡེ་ཚན་གྱི་འཐུས་མི་དང་ཆེད་མཁས། རྨ་འབྲི་རྫ་གསུམ་འབྱུང་ཁུལ་གྱི་འཐུས་མི་བཅས་ལྷན་གཅིག་ཏུ་འཛོམས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཆུའི་སྐྱེ་ཁམས་ཀྱི་དཔལ་ཡོན་དར་སྤེལ་དང་སྣོད་བཅུད་སྲུང་སྐྱོབ་སྐོར་ནས་གྲོས་ཞིབ་དཔྱད་གླེང་མཛད།

        དཔྱད་གླེང་གྲོས་ཚོགས་འདི་ནི་ཀྲུང་གོའི་ཆུ་བེད་དུས་དེབ་ཀྱི་ཆེད་མཁས་ཨུ་ལྷན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་དང་ཆུ་བེད་པུའུ་ཆུའི་ཐོན་ཁུངས་སི་ཡིས་སློབ་སྟོན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་ཆུ་བེད་ཐིང་གིས་སྒྲུབ་རོགས། ཀྲུང་གོའི་ཆུ་བེད་ཚགས་པར་ཁང་དང་ཆུ་བེད་པུའུ་ཆུའི་ཐོན་ཁུངས་དོ་དམ་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་ནས་འཚོགས་པ་ཞིག་རེད།

        ཉེ་བའི་ལོ་ཚུན་ལ་འབད་པ་ལྷོད་མེད་བྱས་འོག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོན་ཡོད་ན་ཡང་ས་ཁུལ་འདིའི་ཁོར་ཡུག་སྔར་བཞིན་དུ་ཧ་ཅང་ཉམས་ཞན་སྟབས། ཀྲུང་ཧྭའི་ཆུ་མཛོད་ཆེན་མོ་འདིའི་བྱེད་ལས་ཡུན་རིང་བེད་སྤྱོད་ལ་ཁག་ཐེག་བྱ་དགོས་ན་ངེས་པར་དུ་ཆུ་མོ་དྭངས་ཤིང་གཙང་ལ་རི་ཀླུང་སྤང་གིས་བརྒྱན་པའི་འདུ་ཤེས་ཤིག་ཅིས་ཀྱང་ཆགས་དགོས་པ་མ་ཟད། སྣོད་བཅུད་སྲུང་སྐྱོང་དང་དམངས་འཚོ་ལེགས་སྒྱུར་གྱི་འབྲེལ་བ་དང་། བརྟན་བརླིང་སྲུང་སྐྱོང་གི་འབྲེལ་བ་དག་ཡང་དག་པོའི་སྒོ་ནས་ཐག་གཅོད་དགོས། ངེས་པར་དུ་སྣོད་བཅུད་ཁ་གསབ་ཀྱི་ནང་རྐྱེན་ལམ་ལུགས་དང་ལམ་ལུགས་ཀྱི་གསར་གཏོད་ལ་འབད་པ་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་རམ་འདེགས་མ་ལག་མགྱོགས་པོ་འཛུགས་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཆུའི་སྐྱེ་ཁམས་ཀྱི་དཔལ་ཡོན་འཛུགས་སྐྲུན་ལ་གཞིགས་ནས་ངེས་པར་དུ་ཆུ་བོ་འབབ་རྒྱུད་སྤྱིའི་ཁྱབ་ཁོངས་ནས་གཙང་གསུམ་འབྱུང་ཡུལ་གྱི་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞིབ་འཇུག་བྱས་ཏེ། འཁྱགས་རོམ་དང་མཚེའུ། རྫ་སྟེང་གི་སྤང་ལྗོངས། ན་འདམ་དང་ན་ཁུག་སོགས་སྣོད་བཅུད་སྤྱི་ལ་བསམ་བློ་བཏང་ནས་གཅིག་གྱུར་སྲུང་སྐྱོབ་བྱེད་དགོས་རེད།

       གྲོས་ཚོགས་ཐོག་ཆེད་མཁས་རྣམས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཁུལ་དུ་ད་སྔར་ལག་བསྟར་བྱེད་པའི་ཆུའི་སྣོད་བཅུད་སྲུང་སྐྱོང་གི་འཐབ་ཇུས་གཙོར་བཟུང་ནས་ངོ་སྤྲད་པ་མ་ཟད། ཁུལ་དེའི་ཁྱད་ཆོས་ལ་སྦྱར་ནས་ཆུའི་མགོ་ཁུངས་ཀྱི་ཆུ་ལ་སྲུང་སྐྱོབ་དང་། ཕྱུགས་ཀྱི་ཐེག་ཚད་ལ་ཚོད་འཛིན། རོང་འབྲོག་མཉམ་འདྲེས་ཀྱི་ཐོན་ལས་སྒྲིག་གཞི་སྙོམ་སྒྲིག ཆུའི་མགོ་ཁུངས་ཀྱི་ཆུའི་སྣོད་བཅུད་ཁ་གསབ་ལ་ཤུགས་སྣོན་ལ་སོགས་པའི་ཕྱོགས་ནས་རྨ་འབྲི་རྫ་གསུམ་འབྱུང་ཁུལ་གྱི་ཆུའི་སྐྱེ་ཁམས་དཔལ་ཡོན་དར་སྤེལ་ལ་བྱེ་བྲག་གི་བསམ་ཚུལ་དང་བྱེད་ཐབས་བཏོན་པ་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།