མི་རིགས་སློབ་ཆེན་ལྔའི་མཉམ་བྲིས་སྙན་ངག

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-05-09 16:35:31      རྩོམ་སྒྲིག་པ། : ཡེ་ཤེས །

        མཚན་མོ། མཚན་མོ།

        དབྱངས་འབུམ་ཚེ་རིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།

        འོད་ཀྱི་གཤོག་པ་རེ་རེ་ཟད་པ་ན།

        ནག་རོག་རོག་གི་མུན་པའི་རྡོ་བ་མིག་ལ་འདྲིལ།

        མི་གཙང་བ་མཚོན་བྱེད་ཀྱི་ཐ་སྙད་སྒྱེ་གང་།

        མཚན་མོའི་ཤེལ་དམ་དུ་བླགས་ནས།

        འདོད་སྲེད་ཀྱིས་བརླན་པའི་བརྡ་ཆད་དག་གིས་དཀྲུག་དཀྲུག་སྟེ།

        གདོང་འབག་བཤུས་པའི་ངོ་དང་། ཚལ་བར་གཤེགས་པའི་བྲང་ཁོག་ཏུ།

        ཚ་ལམ་ལམ་གྱིས། འཁྱག་སིབ་སིབ་ཀྱིས་གཏོར།

        མཚན་མོ། མཚན་མོ།

        བསམ་གཞིག་གི་འབར་ཞུན་རྐང་གཅིག་མེ་ལ་བསྒྲོན་ན།

        དམར་ཙར་ཙར་གྱི་ལག་པ་ཁོ་ན་མཐོང་ཐུབ།

        ཨུ་ཚུགས་ཀྱིས་མིག་ཟུང་ཅི་ཙམ་བགྲད་ཀྱང་།

        མུན་པའི་ཟབ་ཚད་དང་མགོ་རྔ་རེག་ཐུབ་བྲལ།

        རྨི་ལམ་ཁོ་ནས་བར་ཐག་དང་དུས་ཚོད་བྲིས།

        ཁྲུང་ཁྲུང་གི་གཤོག་པ་ཆ་གཅིག་དང་འཆི་ཁ་མའི་མིག་མདངས་བྲིས།

        ཞེད་སྣང་དང་ཁེར་རྐྱང་གི་གདུང་བ་ཁུར་བའི་འབུ་སྲིན་རེ་རེ་འོད་ལ་ལྕེབས།

        ཁ་ཕྱོགས་བོར་བའི་རླུང་བུ་དེ་ཚོས།

        མཚམས་མེད་པར་སྡུག་བསྔལ་གྱི་གཡེར་དྲིལ་སྒུལ་གྱིན་འདུག

        མཚན་མོ། ཆགས་སྡང་གི་ཟླ་བ་ཉ་གང་ཡང་སེམས་ཀྱི་ལུང་པ་བྱང་ལ་འཁོར།

        རྩྭ་སྐྱ་རླུང་གིས་རྡེག་པའི་སྒྲ་དབྱངས་ལས།

        འཁོར་བའི་གཙང་བོར་དར་ཁ་འགྲིག

        ནམ་སྨད་དུ། ཞེན་ཆགས་ཁུར་བའི་ངང་བ་རེ་གཉིས་ཀྱིས་ད་དུང་སྐད་ཅོར་རྒྱག

        མི་རྟག་པ་སྒོམ་བྱེད་ཀྱི་གླུ་དང་། སྡུག་བསྔལ་མཚོན་བྱེད་ཀྱི་དྲན་པ་རེ་རེ་དགུན་གཞུང་འདིར་ཁ་བ་ལྟར་བབས།

        བདག་གི་རི་ཐང་ཁེབས་པའི་ཁྱེད་ཀྱི་རྐང་རྗེས་རླུང་གིས་ཁུར།

        བྱང་ལམ་རྡུལ་ལ་བསྒོས་པའི་སྐྱ་མི་དེ་ཡི་རྒྱབ་གཟུགས་མཐོང་ཐུབ་ཀྱིན་མི་འདུག

        མཚན་མོ། འུག་པ་བླ་ཤིང་གི་རྩེ་ལ་བབས་ནས་ཧབ་ཆ་བརྒྱབ།

        ལྷིང་འཇགས་གོས་སུ་གྱོན་པའི་མུན་པའི་གཙང་བོ།

        རི་རབ་དང་ས་གཞི་རྨང་ནས་བསྣུབས་ཤུལ་ན།

        རལ་གྲིའི་འཁྱུག་འོད་ལས་འདོད་ཧམ་གྱི་མིག་ཟུང་དམར་གོང་གོང་།

        མཚན་མོ། ཆང་རག་ལས་ཨ་མའི་གཟུགས་བརྙན་ཁོ་ན་ཤར་ཡོང་དུས།

        དྲན་པའི་ཟབ་སར་སྣུམ་ཤིག་ཤིག་གི་གཏམ་རྒྱུད་དང་།

        ཡིད་ཀྱི་ལྷན་པ་ལྟ་བུའི་ཕུ་ནུ་ཚོ་ཡང་ཡང་གླེང་།

        འཚོ་བའི་གྲུ་ཁ་རུ་བརྡར་ནས་ཟད་པར་གྱུར་བའི་དངུལ་དཀར་གྱི་སོར་གདུབ།

        ད་ནི་“ཉི་ཟླ་ལྷན་འཛོམས་ཀྱི་སྐལ་བ་ཧ་ཅང་ཕྲ”།

        མིག་ཆུས་བྲིས་པའི་གྱེས་བྲལ་གྱི་སརྒས་བཅིངས་པའི་སྙན་ངག་ཅིག་མུ་ནས་བབས།

        སྒོ་ཁྱིའི་ཟུག་སྐད་ཁྲོད་ང་ཡི་མེས་པོའི་རི་རབ་དག་གི་སྨྲ་བ་འགག་པ་ན།

        འཇག་མའི་ཤུགས་གླུའི་ཁྲོད་ཡུམ་ཆེན་གྱི་གཙང་བོའི་བཞུར་སྒྲ་འཇགས་པ་ན།

        ད་ནི་རྨི་ལམ་གོས་ཆག་ཏུ་ཤོར་བའི་མེ་ལོང་ལས། མིང་སྲིང་ཚོའི་ངོ་གདོང་མཐོང་གིན་མི་འདུག་ཨང་།

        མཚན་མོ། མཚན་མོ།

        ཁྱི་དང་འུག་པ། ད་དུང་ཇེ་སྤྱང་གི་སོགས་ཀྱི་འཐབ་འཛིང་གི་མངའ་ཐང་།

        རང་ཉིད་ཀྱི་རི་སྒང་འགྲིམས་པའི་ལམ་དང་ཟམ་པ།

        ཁ་ཕྱོགས་དང་རྡོག་སྣེ་མུན་པས་ཟིན་པའི་ལེའུ།

        ཤད་དང་དབུ་ཁྱུད་བོར་བའི་སྨུག་ལོང་གི་སྙན་ཚིག

        རྨི་ལམ་མང་བའི་དུས་ཚིགས།

        མཚན་མོ། བརྫུ་བག་གི་གདོང་འབག་བཤུས་ཤུལ་ན།

        གཅེར་གཟུགས་ཀྱི་བདེན་པ་རྗེན་མཐོང་།

        འཚུལ་འཆོས་ཀྱི་གྲ་ཁ་བསྣོག་ཤུལ་ན། ཟང་ཐལ་གྱི་རིག་པ་ངོ་འཕྲོད།

        མཚན་མོ།

        ཆར་བ་འབབ་པར་ཤོག

        རླུང་བུ་གཡུག་པར་ཤོག

        དེ་དག་གི་རྗེས་ལ་ང་ཡི་སྐྱ་རེངས་སྐྱེ་ཞིང་འཕགས་པར་ཤོག

        མཚན་མོ། མཚན་མོ།

        མཚན་མོ། མཚན་མོ།

        ལོ་བ་རྟ་མགྲིན་རྒྱལ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།

        མཚན་མོ།

        སྒྲ་ཡང་མེད།

        དྲི་ཡང་མེད།

        རོ་ཡང་མེད།

        རེག་བྱ་ཡང་མེད།

        གཟུགས་ཡོད་ཚད་ཁྱོད་ཁོ་ན་ལ་འཐིམ།

        ཁྱོད་ནི་ཡོད་ཚད་གཟུགས་གཅིག་པུ་ལ་འདྲེས།

        ཡིད་འཐད་ཅིང་ཞེ་བློ་དྭངས་སའི་ཁྱེད།

        ཡོད་ཚད་ལ་རང་དབང་དང་བག་ཡངས་ཀྱི་རྣམ་ཤེས་བསྩལ།

        གསེར་གྱི་རྒྱ་ཕིབས་དང་དངུལ་གྱི་ཀ་བ།

        ཉག་གའི་རྡེའུ་འབུམ་དང་རི་མགོའི་དར་ལྕེ།

        རྡོ་བའི་རྩིག་པ་དང་ཤིང་གི་ཐེམ་སྐས་དག་ལའང་།

        ན་ཟུག་དང་ཁོག་འདར་མེད་པར་ལྷོད་ཡངས་གནང་།

        ངུ་སྐད་འཇགས་མ་མྱོང་བའི་རླུང་བུས་ཀྱང་།

        རྨི་ལམ་དྲོད་མོ་ཞིག་ཡུན་གྱིས་བཞུར་ཆོག

        མཚན་མོ། མཚན་མོ་ཨང་།

        མུན་པའི་ནང་དར་རྒུད་ཀྱི་གཉེར་རིས་རྩེག་མི་སྲིད་པས།

        ཁྱེད་ལ་བདེན་རྫུན་གྱི་འབྲོང་མོ་དམར་མཆོད་བྱེད་མཁན་མེད།

        དཀར་ནག་གི་ཚིག་གིས་ཉེས་གྲིབ་བཟོ་མཁན་ཡང་མེད།

        ཁྱེད་ཡོད་པས།

        མངའ་ཐང་འགག་སྲིད་དམ། རང་དབང་འགག་སྲིད་དམ།

        རྣམ་ཤེས་ཀྱང་འགག་སྲིད་དམ།

        མཚན་མོ། མཚན་མོ་ཨང་།

        ཉི་ཟླ་གཡས་གཡོན་ལ་བསྙལ་ནས།

        རང་དབང་དང་རྩིས་ཐང་ཀུན་ལ་བགོས།

        དམར་དྲི་བྲོ་བའི་ལྷ་ཚོགས་དང་།

        གཟི་ཁྲ་བཏགས་པའི་ཡིག་ཚོགས་དག་ཡུག་གཅིག་ཏུ་བསྲེས།

        གཟུགས་ཅན་དང་གཟུགས་མེད་ཀྱི་འདུས་བྱས་མཐའ་དག

        མུན་པའི་རི་མོ་ལ་བཏབ།

        མེ་ལོང་ལྟ་བུའི་ནམ་མཁའི་ས་གཞི་བཀབ་ཅིང་།

        རྩིག་པ་ལྟ་བུའི་ས་གཞིའི་ནམ་མཁའ་བསྐྱོར།

        རེ་སྨོན་གྱིས་སྤྲུགས་ཤིང་འཚོལ་སྙེགས་ཀྱི་སྲད་པའི་རོལ་དབྱངས་ལྷག་མ།

        གང་ཞིག་གྲམ་གཞུང་སྐྱ་བོ་ན་གཞོན་ནུ་མའི་མཁུར་མགོར་འདྲེས་པའི་སྣང་བ་ཟ་ཟི་བཞིན།

        ཡོད་ཚད་ཁྱེད་ཀྱི་ཁྲག་དྲོད་ལ་འདྲེས་ཤིང་ངོ་གདོང་གི་སྦུབས་སུ་ཤར།

        འཇམ་རྩུབ་དང་གྲང་འཁྱག རྫུ་བག་དང་ཚུལ་འཆོས་ཀྱི་རྫ་བུམ་སུལ་བར་གཏོར།

        ཕྱི་ནང་མེད་པའི་མཚན་མོ་ཡི་ལོ་མའི་སྟེང་དུ།

        འགའ་ཞིག་སློག་པ་མཐུག་པོ་གྱོན་ནས་གཉིད་ཆོག

        འགའ་ཞིག་ལུས་པོ་རྗེན་བུར་བུད་དེ་སོང་ཆོག

        ལོ་རྒྱུས་ཀྱིས་བཏབ་པའི་མཚན་མོ།

        དུས་ཚོད་ཀྱིས་བཏབ་པའི་མཚན་མོ

        ལས་དབང་གིས་བཏབ་པའི་མཚན་མོ།

        གཉིད་ཆོག་ལ་སོང་ཡང་ཆོག་པའི་མཚན་མོ་ཨང་།

        མཚན་མོ། མཚན་མོ་ཨང་།

        སྡུག་ཡུས་ཀྱི་སྨྱོ་དུས་སེམས་གསོ་མེད།

        སྐྲག་སྣང་གི་གཟིར་དུས་སྡོང་གྲོགས་མེད།

        བདེ་སྐྱིད་ཀྱི་བགྲོད་དུས་དགའ་སྣང་འང་མེད།

        ཁྱེད་ཀྱི་སྒོ་མོ་གང་དུ་ཕྱེས་ཡོད་དམ།

        སྐབས་རེར།

        ཞེད་སྣང་འདྲ་སྐྱེས་ཡོང་དུས།

        ཁྱེད་ཀྱིས་ང་ཡི་སྙིང་ལྡིང་བའང་ཐོས་ཐུབ།

        གང་ལྟར།

        གློ་སྙིང་གི་མཐིལ་དུ་ཟགས་ཀྱིན་པའི་ལོ་ཟླ་དག་མཐོང་ཚེ།

        སང་རས་ཀྱི་བཀབ་པའི་ངོ་གདོང་གི་གཉེར་མ་དང་།

        ཕྲག་རྒྱབ་ཏུ་གཡུགས་པའི་རལ་བ་ལའང་སེམས་ཁུར་ཞིག་ངང་གིས་སྐྱེ་སྟེ།

        དེ་དག་ནི་མུན་པའི་ཟད་ཀྱིན་ལོས་ཡོད་སྙམ་པའི་འཁུན་སྒྲ་ཞིག་སེམས་སུ་ལྷུང་།

        ཡོད་ཚད་ཁེར་ཧྲང་དང་ཞི་འཇམ་ལ་དགའ་བའི་དུས་དེར།

        རྒྱང་རིང་ནས་གྲགས་པའི་ཆུ་ཚོད་ཀྱི་ཐག་སྒྲ་རེ་རེས།

        ང་དང་མཚན་མོའི་དྲན་པ་དཀྲོགས།

        མཚན་མོ་དང་ངའི་བློ་སེམས་དཀྲུགས།

        མི་ཚོགས་དགའ་སའི་མཚན་མོ། ལྷ་ཚོགས་མོས་སའི་མཚན་མོ།

        རྡོ་དང་རྩི་ཤིང་། ཆུ་དང་མེ་ལྕེ་སོགས་ཀྱང་ཞེན་པའི་མཚན་མོ།

        ཁྱེད་ཀྱིས་བདེན་པ་ཁུར་ནས་འགྲོ་བཞིན་ཡོད་དམ།

        རང་དབང་བསྣམས་ནས་ཆས་ཀྱིན་ཡོད་དམ།

        བླ་དང་སྲོག་ཡང་ཁྱེར་ནས་བགྲོད་ཀྱིན་ཡོད་དམ

        ཀྱེ་་་་་་་ཀྱེ་་་་་་་

        མཚན་མོ་་་

        མཚན་མོ་ཨང་།

        མཚན་མོ། མཚན་མོ།

        མི་སྤྱང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།

        རི་བོ་དེའི་ཕག་གི་གཙང་པོ་དེའི་རགས་ཁ་ཤོར་ཏམ།

        ནག་པོ་ཡུག་གཅིག་གིས་ཁྱབ་པའི་ནམ་མཁའ་དང་ས་གཞི།

        རི་རབ་དང་སྒང་གཤོང་།

        ང་ཚོ།

        གཙང་པོའི་འཇིངས་སུ་ཟུག་པའི་གྲུ་ཆུང་དེ་ཡིན་ནམ།

        བྱིང་རྒོད་ཀྱི་ཡལ་གའི་སྟེང་བབ་པའི-

        ཁྭ་ཏ་དེ་ཡིན།

        འོད་ཟེར་གྱི་ལག་པར་འཇུས་པའི-

        རྒོད་པོ་དེ་ཡིན།

        མཚན་མོ། མཚན་མོ།

        རྦབ་ཆུ། བོད་ལྗོངས་སློབ་ཆེན།

        རང་སྣང་བུམ་པ་གང་རྟོག་པའི་གླུ་རུ་བསྒོམས་ཚེ།

        མགུར་རེ་རེ་ནི། མཚན་མོའི་སྒྲ་བཤད་སྙན་མོ་ཞིག་རེད།

        ངས་འོད་སྣང་ལ་བསྙེས་ནས་གྲུ་པ་རྒད་པོའི་རྒྱབ་གཟུགས་ཁོ་ན་བཙལ།

        སླར་ཡང་། ལྷ་གདོང་ཤན་ཁའི་མཚན་མོས་ཁ་བསྒྲགས་བྱུང་།

        དར་ལྕེ་ཟད་པོ་ཚིག་ལ་བརྒྱུས་བརྒྱུས་ཏེ།

        རླུང་རྟའི་སྤུར་ཕྱོགས་ལྷོ་ནས་འདེད་འོང་ཟེར།

        ད་ལོའི་སྟོན་འཇུག སྔར་བཞིན་གྲང་ཤུར་ཤུར།

        མི་རེ་རེས་རང་ཉིད་ཁོ་ནར་སྤམ་པའི་སྣུམ་བཞུ་ཞིག་གིས།

        མཚན་མོའི་རྒྱ་ཁྱོན་འདྲ་བའི་གཞལ་བྱ་ལག་པས་བཅལ་ཏེ།

        རྒྱང་རིང་དུ་གཉིད་སོང་། གཉིད་སོང་།

        མཚན་མོ། མཚན་མོ།

        ཚེ་དབང་འཇིགས་མེད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།

        སྨག་རུམ་གྱི་མཚན་མོ་ཞིག་ལ།

        སྲ་མཁྲེགས་སུ་གྱུར་བའི་་གནའ་བོའི་ཅོང་རྙིང་ཞིག་ཤེད་ཀྱིས་རྡུང་ཞོར།

        སློག་པ་གྱོན་པའི་མྱི་བུ་འགས་ཀྱང་རྟོགས་སད་ཀྱི་སྐོར་བྲོ་འཁྲབས།

        འོན་ཏེ།

        མཚན་ལྗོངས་ཀྱི་མུན་པས།

        སྔར་བཞིན་ཁོར་ཡུག་ཀུན་ཐོལ་གྱིས་བསྡམས་དུས།

        གྲང་ལྷགས་ཀྱི་མཚོན་ཆས་ཀྱང་།

        སྒྱུ་འཕྲུལ་གྱི་ཐབས་ཀྱིས་སྐབས་བསྟུན་གྱི་སྦྱོར་བ་བཤམས།

        འདི་ལྟར།

        ཡུན་གྱིས་སྨག་རུམ་གྱི་གཡོ་འགུག་དང་མུན་ནག་གི་གཡབ་མོས་མཚན་མོ་རུ་འགྱུར་ལ་ཉེ་བ་གང་ཞིག་སྣང་སྟོང་མིན་པའི་མཚན་མོ་ངོ་མ་རུ་བསྒྱུརད།

        མཚན་མོ།

        དེ་ནི་སྤྲིན་ནག་གིས་ཟླ་འོད་བསྒྲིབས་ཤིང་།

        གྲང་ལྷགས་ཀྱིས་ཁོར་ཡུག་ཕྱིད་པའི་འཇིག་རྟེན་ཞིག

        ཚེ་སྲོག་ལ་སྔངས་སྐྲག་དང་ལུས་པོ་ལ་ཁོང་འདར་བཏང་བ་ནི་ཅི་ནུས་ཀྱང་རྒྱུན་ལྡན་དུ་གྲུབ་པ་མ་ཡིན་ནམ།

        མཚན་མོ།

        མཚན་མོ་དེ་ནས་བཟུང་མཇུག་བསྒྲིལད་ཅིང་།

        མཚན་མོ་དེ་ནས་བཟུང་འགོ་ཡང་བརྩམས།

        རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།