བཅའ་ཁྲིམས་རྒྱུན་ཤེས་ཀུན་ཕན་མན་ངག

      ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།      སྤེལ་དུས། : 2017-05-11 10:12:50      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        བོར་དངོས་རྙེད་མཁན་གྱིས་རྙེད་གླ་བསླང་བའི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་ནམ།

        བློ་མཐུན་རྩོམ་སྒྲིག་པ་ལགས།

        ངའི་གཉེན་ཉེ་རྟ་མགྲིན་ལགས་དབང་འབུམ་གྱི་གླ་གཏོང་རླངས་འཁོར་ལ་བསྡད་དེ། རང་ཁྱིམ་གྱི་སྒོ་ཁར་ཐོན་མ་ཐག་བྲེལ་འཚུབ་སྒོས་གྲོགས་པོ་ཞིག་གིས་བཏང་ཡོང་བའི་ཁ་པར་ལེན་དགོས་བྱུང་བས། ལག་ཏུ་བཟུང་ཡོད་པའི་ཁུག་མ་ཆུང་ཆུང་དེ་གླ་གཏོང་རླངས་འཁོར་དུ་བརྗེད་སོང་བ་དང་། གླ་གཏོང་ཁ་ལོ་བ་དབང་འབུམ་གྱིས་རྟ་མགྲིན་གྱི་ཁུག་མ་ཆུང་བའི་ནང་གི་སྒོར་མོ་དང་དངུལ་བྱང་། ཐོབ་ཐང་འཛིན་བྱང་སོགས་རྙེད་རྗེས། རྟ་མགྲིན་ལ་རྙེད་བརྡ་བཏང་སྟེ་ཁྱོད་ལ་ཁུག་མ་དེ་དགོས་ཚེ་རྙེད་གླ་སྒོར་སྟོང3000བཟུང་ནས་ལེན་དུ་ཤོག དེ་མིན་ཁུག་མའི་ནང་གི་འཛིན་བྱང་སོགས་མེད་པར་གཏོང་རྒྱུ་ཡིན་ཞེས་བཤད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་འདྲི་རྒྱུ་ཞིག་ཡོད་པ་ནི་ཁ་ལོ་བས་རྙེད་གླ་བསླངས་བའི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་ནམ།

        ཞེས་གཡང་རྒྱལ་ནས།

        བློ་མཐུན་གཡང་རྒྱལ་ལགས།

        གཞན་གྱི་བོར་དངོས་རྙེད་ཚེ་ཕྱིར་ཁེ་དབང་མིར་སྤྲོད་པ་ནི་སྤྱོད་ཚུལ་བཟང་པོ་ཞིག་ཡིན་ལ། རང་རྒྱལ་གྱི་དངོས་པོའི་བདག་དབང་བཅའ་ཁྲིམས་སུ་གཏན་ཁེལ་བྱས་ཡོད་པའི་སྤྱི་དམངས་ཀྱི་འོས་འགན་ཞིག་ཀྱང་ཡིན།

        གོང་གི་གྱོད་དོན་འདིར་གཞིགས་ན། གླ་གཏོང་ཁ་ལོ་བ་དབང་འབུམ་གྱིས་ཁུག་མ་ཕྱིར་རྟ་མགྲིན་ལ་སྤྲོད་དགོས། ཁུག་མ་ཕྱིར་རྟ་མགྲིན་ལ་སྤྲོད་དུས་དགོས་ངེས་ཀྱི་འགྲོ་སོང་ཅུང་ཙམ་འབྱུང་སྲིད། དཔེར་ན་ཕྱིར་འོང་གི་རླངས་འཁོར་གླ་སོགས་འབྱུང་སྲིད་པས། དབང་འབུམ་གྱིས་རྟ་མགྲིན་ལ་རླངས་འཁོར་གླ་སྤྲོད་དགོས་པའི་རེ་བ་བཏོན་ཆོག ཡིན་ཡང་དགོས་ངེས་ཀྱི་འགྲོ་སོང་དང་རྙེད་གླ་གཉིས་དུས་མཉམ་དུ་བསླངས་མི་ཆོག་ལ། ཡང་མིན་ཚེ་རྟ་མགྲིན་གྱིས་བོར་དངོས་བཙལ་སྐབས་ཕ་རོལ་པོར་རྙེད་གླ་སྟེར་རྒྱུའི་ཁས་ལེན་དམ་བཅའ་འཇོག་དགོས། དེ་མིན་དབང་འབུམ་གྱིས་སྒོར3000གི་རྙེད་གླ་དགོས་ཟེར་བའི་བྱ་སྤྱོད་དེར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཅི་ཡང་མེད་པས་ཁྲིམས་མཐུན་མིན་ནོ། །

        ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

        བཅའ་ཁྲིམས་ཤེས་བྱ།

        དྲི་བ། ཐེར་འདོན་བྱེད་པར་གནད་དོན་གང་དག་ལ་མཉམ་འཇོག་བྱ་དགོས།

        ལན། (གཅིག) མི་དམངས་ཞིབ་དཔྱོད་ཁང་གི་ཐེར་འདོན་ལྟེ་གནས་ལ་མང་ཚོགས་དང་སྡེ་ཚན་གྱི་དོགས་ཡོད་ཉེས་ཅན་བདག་སྤྲོད་དམ་ཡང་ན་ཉེས་གསོག་སྤྱོད་ངན་ཡོད་རིགས་ཐེར་འདོན་གོང་གཏུག་བྱེད་དབང་ཡོད།

        (གཉིས) ཐེར་འདོན་གྱི་བདག་སྤྲོད་བྱེད་ཁོངས།

        མི་དམངས་ཞིབ་དཔྱོད་ཁང་གིས་ཐད་ཀར་བདག་སྤྲོད་བྱེད་པའི་ཐེར་འདོན་ཁྱབ་ཁོངས་ནི། ལྐོག་རྔན་སྤྲོད་ལེན་གྱི་ཉེས་ཅན་དང་། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་བསགས་པའི་འགན་འཛོལ་གྱི་ནག་ཉེས། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་དབང་སྤྱད་དེ་ཁྲིམས་འགལ་གྱིས་བཀག་བསྐྱིལ་བྱས་པ་དང་འཁོན་སློག་ཉེས་འགེལ། སྤྱི་དམངས་ཀྱི་མི་ལུས་ཁེ་དབང་དང་མི་མཐུན་པར་སྔོག་བཤེར་བཏང་བའི་ནག་ཉེས་དང་དེ་བཞིན་སྤྱི་དམངས་ཀྱི་དམངས་གཙོའི་དབང་གནོད་ཀྱི་ནག་ཉེས་བཅས་ཡིན།

        (གསུམ) ཐེར་འདོན་བྱེད་སྟངས།

        ཐེར་འདོན་གོང་གཏུག་ལ་ཡིག་ཐོག་དང་ངག་ཐོག ཁ་པར་རམ་ཡང་ན་ཐེར་འདོན་གོང་གཏུག་བྱེད་མཁན་གྱིས་སྟབས་བདེ་ཡིན་པར་འདོད་པའི་བྱེད་ཐབས་གཞན་དག་སྤྱད་ཆོག

        (བཞི) ཐེར་འདོན་བྱེད་མཁན་གྱི་སྲུང་སྐྱོང་།

        1.མི་དམངས་ཞིབ་དཔྱོད་ཁང་གིས་ཐེར་འདོན་གོང་གཏུག་བྱེད་མཁན་གྱི་གཉེན་ཉེའི་བདེ་འཇགས་འགན་སྲུང་བྱ་དགོས་པ་དང་། ཁྲིམས་ལྟར་མི་ལུས་ཁེ་དབང་དང་དམངས་གཙོའི་ཁེ་དབང་། ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་ལ་སྲུང་སྐྱོང་བྱ་དགོས།

        2.ཐེར་འདོན་གོང་གཏུག་བྱེད་མཁན་གྱི་རུས་མིང་དང་ལས་ཁུངས། ཁྱིམ་ཚང་གི་སྡོད་གནས་སོགས་ཀྱི་གནས་ཚུལ་གཏན་འགོག་བྱེད་དགོས། ཐེར་འདོན་བྱ་ཡུལ་ལ་ཐེར་འདོན་གོང་གཏུག་བྱེད་མཁན་གྱི་འབྲེལ་ཡོད་གནས་ཚུལ་དང་ཐེར་འདོན་གོང་གཏུག་གི་དཔྱད་གཞིའི་ཡིག་ཆ་དག་ཐེར་འདོན་གོང་གཏུག་བྱེད་པ་གཏན་འགོག་བྱེད་དགོས།

        3.གནས་ཚུལ་ལ་བརྟག་དཔྱད་ཞིབ་བསྡུར་བྱེད་སྐབས་ཐེར་འདོན་གོང་གཏུག་གི་དཔྱད་གཞིའི་ཡིག་ཆའི་མ་ཡིག་བསྟན་མི་ཆོག་པ་དང་ཐེར་འདོན་གོང་གཏུག་བྱེད་མཁན་ཡང་ཕྱིར་མངོན་མི་ཆོག མྱུལ་ཞིབ་ལས་དོན་གྱི་དགོས་མཁོ་མ་གཏོགས་མིང་བཀབ་ནས་གསལ་འབྱེད་བྱས་མི་ཆོག

        4.གོང་གཏུག་གི་བྱས་རྗེས་ཡོད་མཁན་ལ་བྱ་དགའ་སྤྲོད་རྒྱུ་དང་དྲིལ་བསྒྲགས་འཕྲིན་སྤེལ་བྱ་དགོས། ཡིན་ཡང་མི་རང་ཉིད་འཐད་པ་མ་བྱུང་བར་ཐེར་འདོན་བྱེད་མཁན་གྱི་རུས་མིང་དང་ལས་ཁུངས་སོགས་སྤྱི་བསྒྲགས་བྱ་མི་རུང་།

        5.ཐེར་འདོན་གོང་གཏུག་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱེད་པའི་རིགས། གལ་ཏེ་རྒྱལ་ཁབ་ལས་ཁུངས་ཀྱི་ཁོངས་གཏོགས་མི་སྣས་བྱ་བའི་འགན་དབང་གང་བྱུང་དུ་སྤྱོད་པ་དང་། གཞུང་དོན་གྱི་མིང་ཁྱེར་ཏེ་རང་དོན་སྒྲུབ་ནས་ཐེར་འདོན་བྱེད་མཁན་ལ་འཁོན་སློག་ནག་འཛུགས་བྱས་ཏེ། ནག་ཉེས་སུ་གྲུབ་པའི་རིགས་བཅའ་ཁྲིམས་ལྟར་གྱོད་ཁོངས་སུ་བཅུག་སྟེ་མྱུལ་ཞིབ་དང་ཉེས་འགན་བདའ་འདེད་བྱ་དགོས། གལ་ཏེ་ཐེར་འདོན་གོང་ཞུ་བྱེད་མཁན་ལ་འཁོན་སློག་རྡུང་རྡེག་བཏང་ནས་ནག་ཉེས་སུ་གྲུབ་མེད་པའི་རིགས་གཙོ་སྐྱོང་སྡེ་ཁག་ལ་བསྒྱུར་སྤྲོད་བྱས་ཏེ་ཐག་གཅོད་བྱ་དགོས།

        (ལྔ) ཐེར་འདོན་མཁན་ལ་བྱ་དགའ་སྟེར་བ།

        མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་ཟ་དང་ལྐོག་རྔན་ལེན་པ། འགན་འཛོལ་སོགས་ཀྱི་ཉེས་གསོག་གྱོད་གཞི་ཆེན་པོ་དག་ལ་བདག་སྤྲོད་བྱ་དགོས་པ་དང་། གོང་གཏུག་བྱས་རྗེས་ཡོད་པའི་མི་སྒེར་དང་སྡེ་ཚན་ལ་བསམ་པའི་བྱ་དགའ་དང་དངོས་པོའི་བྱ་དགའ་སྟེར་དགོས།

        མདོ་སྡེ་རྒྱལ་གྱིས་བསྒྱུར་སྒྲིག་བྱས།

      རྩོམ་འཇུག་པ།ལྷ་ཆེན་རྒྱལ།