ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཟི་ལིང་དུ་ཞིང་ཆེན་ཡོངས་ཀྱི་ལས་ཀ་གཙོ་བོ་བཀོད་སྒྲིག་གི་གྲོས་ཚོགས་བསྡུས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-13 13:22:40      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བས་ཟླ༥བའི་ཚེས༡༡ཉིན་སྤེལ་བའི་འཕྲིན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཟི་ལིང་དུ་ཞིང་ཆེན་ཡོངས་ཀྱི་ལས་ཀ་གཙོ་བོ་བཀོད་སྒྲིག་གི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་གྱིས་ལས་ཀ་སྒྲིག་གཤོམ་མཛད།

        ཝང་གོ་ཧྲེང་གིས། ལྟ་ཞིབ་ལས་ཀ་ཡག་པོ་བསྒྲུབ་པ་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་གལ་ཆེན་ལག་ལེན་མཐའ་འཁྱོལ་སྐུལ་འདེད་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་དུས་སུ་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་དང་། བསམ་བློ་བཞི་བརྟན་པོ། ཆབ་སྲིད་ཀྱི་རྣོ་ངར་རང་བཞིན་ཇེ་དྲག་བཅས་སུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་དགོས། རིམ་པ་ཁག་གི་ཏང་ཨུའི་འགོ་ཁྲིད་དང་ལས་བྱེད་མང་ཚོགས་སྤྱི་དང་ནང་སྒོས་སུ་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དག་གིས་ངོས་ཤེས་ཆེར་བསྐྱེད་དང་། འགན་འཁྲི་འཁུར་འཁྱེར། རང་གིས་ནུས་པར་བརྟེན་ནས་སྡོད་མི་ཚུགས་པ་དང་། གཉིད་མི་བདེ་བ། སྒེག་མི་ཕོད་པ། དལ་མི་རུང་བ་ལྟ་བུའི་ཁ་ཚ་དགོས་གཏུག་གི་རང་རྟོགས་དང་བརྩོན་སེམས་ཀྱི་ལས་ཀའི་རྣམ་པ་ཆགས་སུ་བཅུག་ནས་ལག་ལེན་དང་ཉམས་ལེན་གྱི་དཀའ་ཁག་མཐར་བསྐྲད་པའི་ལས་ཀའི་གྲུབ་འབྲས་ལོན་པར་ཧུར་ཐག་བྱེད་དགོས། ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱར་གོ་བ་ཟབ་མོ་ཡང་དག་པ་བླངས་ནས་གཏིང་ཟབ་མོ་དང་བྱེ་བྲག་ནས་དམ་འཛིན་དང་། དྲག་པོར་གདོང་གིས་ཕྱོགས་ཐུབ་ཅིང་ཁ་དན་ཚིག་གནས་ཀྱིས་ལྟ་ཞིབ་བྱ་ཡུལ་གཙོ་བོར་དམ་འཛིན་དང་བདའ་འདེད་རྩད་འདྲི་བཅས་ཐོག་མཐའ་བར་གསུམ་དུ་འཐུས་ཤོར་མེད་པ་བྱས་ནས་ལྟ་ཞིབ་དག་ཐེར་ལས་ཀ་དོན་ཐོག་ལ་འཁེལ་བར་ཁག་ཐེག་བྱེད་དགོས། དྲིལ་སྒྲོག་གིས་སྣེ་འཁྲིད་ཡག་པོ་བྱས་ནས་གོ་སླ་ལ་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་དྲིལ་སྒྲོག་གི་ཐབས་ལ་བརྟེན་ནས་ཏང་དང་སྲིད་གཞུང་གི་སྲིད་ཇུས་དང་ལམ་ཕྱོགས་ཁག་མི་རེ་རེའི་སེམས་གཏིང་དུ་འཇོག་དགོས། བྱེད་སྤྱོད་ཏན་ཏིག་དང་དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་ཀ་དམ་འཛིན་མཐའ་འཁྱོལ་བྱས་ནས་གྲུབ་འབྲས་བཟང་བོ་ཞིག་བླངས་ནས་ཏང་གི་སྐབས་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བདེ་བླག་ངང་འཚོག་པར་བསུ་མ་བྱེད་དགོས་ཞེས་བསྟན་བྱུང་།

        ཝང་ཅིན་ཅུན་གྱིས་འདི་སྐད། ལས་ཅི་བྱས་རྒྱུ་འབྲས་ལ་རག་ལས་པས་དོན་དག་གང་བྱེད་ཐམས་ཅན་ཐོག་མར་ཡང་དག་པའི་ལས་ལ་དམ་འཛིན་དམ་ནན་བྱེད་དགོས་པའི་གལ་ཆེན་རང་བཞིན་སྔོན་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། དབུལ་སྒྲོལ་མཁྲེགས་གཏོར། བདེ་འཇགས་ཐོན་སྐྱེད་བཅས་ལ་མཐོང་ཆེན་པོ་དང་། གནད་དོན་ཛ་དྲག་ལ་ཕྱོགས་སྟོན་བྱས་ནས་གོང་འོག་གི་བསམ་བློ་ཕྱོགས་གཅིག་ཏུ་བསྡུས་ཏེ། དག་ཐེར་ལ་དམ་འཛིན་དང་། ལྐོག་ཟུར་དང་བར་སྟོང་སོགས་མ་རིག་པ་དང་མ་ཤེས་པ་གང་ཡང་བསྐྱར་མི་རུང་བར་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དག་ཐེར་ལ་མཐོང་ཆེན་པོ་བྱེད་དགོས། ལམ་ལུགས་དང་ནང་རྐྱེན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་དག་ཐེར་གྱི་ཇུས་གཞི་ཆ་ཚང་བ་ཞིག་བཟོས་ནས་དག་ཐེར་གྱི་ལས་འགན་དང་བྱེད་ཐབས་ཇེ་ཞིབ་ཏུ་གཏང་དགོས། དག་ཐེར་བྱ་ཡུལ་གཙོ་བོ་དང་། དག་ཐེར་ཚད་གཞི། ལག་རྩལ་གྱི་ཚད་གཞི་གསལ་འབེབས་བྱས་ནས་གྲལ་བཤེར་དག་ཐེར་དང་ཁྲིམས་བསྟར་ལ་ཤུགས་བསྣན་ཐོག ཆེད་དོན་མི་སྣ་ཡུལ་དངོས་སུ་ལྟ་རྟོག་ལ་མངག་ནས་དུས་ཐོག་ལྟ་རྟོག་དང་ཚོད་འཛིན་ལ་ཤུགས་བསྣན་དགོས་པ་དང་། ཁྲིམས་ལུགས་དང་སྒྲིག་ཁྲིམས་ཐད་ཀྱི་ཟབ་སྦྱོང་དྲིལ་བསྒྲགས་བྱས་ཏེ་དག་ཐེར་ལས་ཀ་ཡོངས་གནད་ཐོག་ལ་འཁེལ་བར་ཁག་ཐེག་བྱེད་དགོས་པ་ལ་སོགས་ཀྱི་བླང་བྱ་བཏོན།

        གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཀྲང་ཀོང་རོང་དང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཡན་ཅིན་ཧའེ། ཝང་ལི་མེང་བཅས་སོ་སོ་ནས་ཁོར་སྲུང་ལྟ་ཞིབ་དང་དབུལ་སྐྱོར་ལྟ་ཞིབ། བདེ་འཇགས་ཐོན་སྐྱེད་ལྟ་ཞིབ་ཕྱོགས་ཀྱི་ལས་ཀ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་སོགས་གྲོང་ཁྱེར་དང་ཁུལ་ཁག་གི་འགན་འཁུར་བློ་མཐུན་ཁག་གིས་ལས་ཀའི་སྙན་སེང་ཕུལ།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེ་མོ་ཝང་ཡུས་པའོ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཐིན་ཅིན་ཁྲེང་བཅས་གྲོས་ཚོགས་ལ་ཞུགས་པ་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།