ཞི་ཅིན་ཕེང་གིས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐོག་གཏམ་བཤད་གནང་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-15 13:44:27      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཟླ༥བའི་ཚེས༡༤ཉིན་ཤིན་ཧྭ་དྲ་བས་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེང་གིས་ཚེས༡༤ཉིན་ལ་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་དང་རྒྱལ་ཁབ་ཟློས་གར་ཆེན་པོ་ཁང་ཆེན་དུ་རིག་རྩལ་འཁྲབ་སྟོན་གྱི་དགའ་སྟོན་བཤམས་ནས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་རྒྱལ་ཕྱིའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་སྐུ་མགྲོན་རྣམས་ལ་བསུ་མ་རྒྱ་ཆེན་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་འདུར་ཞུགས།
       

        དབྱར་མགོ་མའི་པེ་ཅིང་ནི་རྩི་ཤིང་ཚང་ཚིང་དུ་འཁྲུགས་པ་དང་གསོན་ཉམས་ཀྱིས་ཀུན་ནས་ཕྱུག ཁྲང་ཨན་ལམ་གྱི་འགྲམ་ངོགས་སུ་ལྒང་ཞུ་དམར་པོའི་ཕྲེང་བསྟར་བ་འོད་དུ་འཚེར་བའི་མཚན་མོའི་སྐར་ཚོགས་དང་གཅིག་ཏུ་འདྲེས་ལ། གནམ་བདེ་སྒོ་ཆེའི་ཡང་སྟེང་དུ་དར་དམར་ལྷབ་ལྷུབ་ཏུ་བསྐྱོད། བཀྲ་ཤིས་པའི་མཚོན་རིས་དང་མེ་ཏོག་སྣ་བརྒྱའི་བརྒྱན་བཤམས། འདི་ནི་གནའ་གྲོང་པེ་ཅིང་སྟེ། འདི་གས་ལོ་རྒྱུས་དང་འབྱུང་འགྱུར་གཉིས་སྦྲེལ་བའི་གསོལ་སྟོན་གྱ་ནོམ་པ་ཞིག་དུས་གཅིག་ཏུ་བསུས།

        དགོང་དྲོའི་ཆུ་ཚོད༦ཡས་མས་སུ། མཐོ་རིམ་གླེང་སྟེགས་སུ་ཞུགས་མཁན་གྱི་མགོ་གཙོ་པའི་ལྷེམ་ཅོག་མཐོ་རིམ་གྲོས་ཚོགས་དང་། རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་སུ་ཕེབས་མཁན་གྱི་རྒྱལ་ཁབ་སོ་སོའི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་བོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་དང་དེ་དག་གི་སྐུ་ལྕམ་རྣམ་པ་མི་དམངས་ཚོགས་ཁང་ཆེན་མོ་རུ་འབྱོར།

        ཞི་ཅིན་ཕེང་དང་སྐུ་ལྕམ་ཕིན་ལི་ཡུན་རྣམ་གཉིས་ནས་ཚོགས་ཁང་ཆེན་མོའི་ཉིས་ཐོག་གི་མགྲོན་བསུ་ཚོམས་ཆེན་དུ་ཕེབས་འབྱོར་གྱི་སྐུ་མགྲོན་རྣམས་དང་ཕྱག་འཇུ་གནང་ནས་ཕན་ཚུན་ལ་འཚམས་འདྲི་གནང་བ་མ་ཟད། རི་ཀློང་འདི་འདྲའི་མཛེས་ཤིང་སྡུག་པ་ལ་ཨང་ཞེས་པའི་ལྡེབས་རིས་ཆེན་པོའི་མདུན་དུ་རྒྱལ་ཕྱིའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་སྐུ་ལྕམ་བཅས་དང་ལྷན་འཛོམས་ཀྱི་པར་བསྐྱོན།
       

        མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་མེ་ཏོག་གི་ཕྲ་ཚོམ་དང་སྙན་པའི་རོལ་དབྱངས་ཀྱིས་མདུན་བསུས་ཏེ་ཞི་ཅིན་ཕེང་དང་སྐུ་ལྕམ་ཕན་ལི་ཡུན་རྣམ་གཉིས་ཚོགས་ཞུགས་སྐུ་མགྲོན་དང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས།
       

        ཞི་ཅིན་ཕེང་གིས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དེར་བཞུགས་ཀྱི་སྐུ་མགྲོན་རྣམས་རེ་བ་བཞིན་དུ་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས། ཞི་ཅིན་ཕེང་གིས་འདི་སྐད། པེ་ཅིང་ནི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་འདིས་ལོ་རྒྱུས་ཀྱི་འགྱུར་ལྡོག་ར་སྤྲོད་བྱེད་ཐུབ། པེ་ཅིང་ནི་དེང་རབས་ཀྱི་གྲོང་ཁྱེར་གསར་བ་ཞིག་ཡིན་ལ། གྲོང་ཁྱེར་འདིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་པའི་རྣམ་པ་གསར་བ་བར་མེད་དུ་མངོན་ཡོད།དེ་ལས་ཀྱང་པེ་ཅིང་ནི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེ་ཤོས་ཀྱང་ཡིན་ཏེ། དེས་ཤར་ནུབ་ཀྱི་རིག་གནས་མི་འདྲ་བ་དུས་དང་རྣམ་པ་ཀུན་ཏུ་འདི་ག་ནས་འབྲེལ་འདྲིས་དང་མཉམ་བསྲེས་བྱས་ཡོད་པས། ལོ་རྒྱུས་ཀྱི་གྲོང་ཁྱེར་ཆུང་ཆུང་འདི་དེ་རིང་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེ་ཤོས་སུ་གྱུར་ཡོད་པ་འདིས་ང་ཚོར་གནས་ལུགས་ཤིག་གསལ་འདོན་བྱས་པ་ནི། མིའི་རིགས་འཚོ་བའི་གཞིས་ཁྱིམ་འདི་ནི་ཐུན་མོང་གི་གཞིས་ཁྱིམ་ཡིན་པས་དེ་ལ་ཐུན་མོང་གི་ལས་དབང་ཡོད་ན་ཡང་། མིའི་རིགས་ཀྱི་ལོ་རྒྱུས་ནི་མི་རིགས་མི་གཅིག་པ་དང་། རིག་གནས་མི་འདྲ་བའི་འབྲེལ་འདྲིས་ཀྱི་ཁྲོད་དུ་མདུན་དུ་བསྐྱོད་དགོས་པ་དེ་རེད།

        ༢༠༠༠ལོའི་སྔ་རོལ་ཏུ། ང་ཚོའི་མེས་པོ་རྣམས་ཀྱིས་མཛའ་མཐུན་གྱི་འབྲེལ་བ་བཟང་བོར་བརྟེན་ནས་གནའ་བོའི་དར་གོས་ཚོང་ལམ་འདི་བཏོད། དེ་རིང་ང་ཚོས་དར་གོས་ཚོང་ལམ་གྱི་དགོངས་དོན་རྒྱུད་འཛིན་བྱས་ཏེ། ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་གྲོས་མོལ་བྱེད་པ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་དེད་པ་ཡིན་ལ། འབྱུང་འགྱུར་ལ་ཕྱོགས་པའི་འཁྲུལ་མེད་ཀྱི་བདམས་ཀ་ཞིག་ཀྱང་ཡིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ང་ཚོའི་དཔལ་ཡོན་བརྗེ་སྤེལ་ཀྱི་རེ་མོས་བསྣམས་ཡོད་པས་མིའི་རིགས་ཀྱི་དཔལ་ཡོན་དེ་ལས་མཚར་སྡུག་གིས་ཁེངས་པར་བྱེད་ལ། ཞི་བདེ་དང་ཞི་འཇགས་ཀྱི་རེ་སྒུག་བཅིངས་ཡོད་པས་རྒྱལ་ཁབ་ཁག་བར་དང་མཉམ་དུ་འཆམ་མཐུན་ཁྱིམ་གཞིས་དང་ཞི་བདེ་འཛམ་གླིང་བསྐྲུན་ཐུབ། དེ་མི་ཚད་རྒྱུད་གཅིག་ལམ་གཅིག་གིས་ང་ཚོའི་ཐུན་མོང་གི་འཚོལ་སྙེག་རུམ་ཡོད་པས་རྒྱལ་ཁབ་ཁག་བར་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་མཉམ་བསྒྱུར་གྱི་ཐུན་མོང་ལམ་ལུགས་ཤིག་འཛུགས་པར་རོགས་རམ་བྱེད་ལ། ང་ཚོས་རེ་བའི་བདེ་སྐྱིད་ཀྱི་འཚོ་བ་དམིགས་ཡོད་པས་རེ་འདུན་དེ་དག་མངོན་སུམ་དུ་འགྱུར་ཞིང་མི་དམངས་བདེ་སྐྱིད་ཀྱི་ལམ་ལ་འགོད་ཡོང་།

        ང་ཚོ་ད་ཆ་རེ་བས་བརྟས་པའི་ལམ་ཁ་ཞིག་ལ་སྙེག་སྒང་ཡིན། ལམ་དེའི་བབ་དང་བསྟུན་ནས་གཅིག་སེམས་གཅིག་ལ་སྦྲེལ་ཞིང་། ཡིད་ཆེས་ཀྱིས་ཀུན་ནས་བརྟས་ཏེ་གོམ་མཚམས་མ་བཞག་པར་རྒྱུན་བསྐྱངས་ན་མཐའ་མར་ལམ་སྣ་མང་པོར་སྙེག་ཐུབ་ལ། ཐུན་མོང་གིས་མྱོང་ཐུབ་པའི་བདེ་སྐྱིད་ཀྱི་ཉིན་མོ་དེའང་བསུ་ཐུབ། ང་ཚོའི་བྱ་གཞག་དེ་གནའ་བོའི་དར་གོས་ཚོང་ལམ་བཞིན་དུ་དུས་རབས་ནས་དུས་རབས་སུ་མི་ཉམས་ཤིང་།མི་རབས་ནས་མི་རབས་ལ་ཕན་བདེ་སྐྲུན་ཐུབ་པ་ཞིག་ཡོང་ཐུབ་ཅེས་གསུངས།

        གསོལ་སྟོན་ཐོག་མཐོ་རིམ་གྲོས་ཚོགས་སུ་ཞུགས་མཁན་རྒྱལ་ཁབ་༣༠ཡི་རོལ་དབྱངས་དཀྲོལ་ནས་རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་མངའ་ཁོངས་སོ་སོའི་རིག་གནས་མཉམ་བསྲེས་མཚོན་པར་བྱས། གསོལ་སྟོན་གྱི་རྗེས་སུ་ཞི་ཅིན་ཕེང་དང་སྐུ་མགྲོན་སོགས་ཐབས་གཅིག་ཏུ་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་ཕེབས་ནས་ལོ་སྟོང་གི་ལྷན་འཛོམས་ཞེས་པའི་རིག་རྩལ་འཁྲབ་སྟོན་ལ་མཉམ་བཞེས་མཛད།མཱ་ཁའེ་དང་། ཝང་ལུའུ་ཉིང་། ལིའུ་ཡན་ཏུང་། ལིའུ་ཆི་པའོ། ཝང་དབྱང་། མེང་ཅན་ཀྲུའུ། ལི་ཀྲན་ཧྲུའུ། ཀའོ་ཅན་ལུང་། དབྱང་ཅིན། ཝང་ཁྲེང་། དབྱང་ཅེ་ཁྲི། ཀའོ་ཧྲེང་ཁུན། ཝང་ཡུང་། ཝན་ཀང་། ཀྲོའུ་ཞའོ་ཁྲུན། ལིང་ཀྲེང་དབྱིན་སོགས་གྲོས་ཚོགས་སུ་ཞུགས།

        ལོ་ཙཱ་བ། ཁོན་ཐར་འཚོ།