ཡན་ཅིན་ཧེ་ཡིས་མིན་ཧི་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།

        ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནད་དོན་ལེགས་བཅོས་བྱེད་པའི་བཀོད་འདོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཆན་བཀོད་མཛུབ་སྟོན་ལག་བསྟར་ནན་མོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཟླ་ལྔ་བའི་ཚེས་བཅོ་ལྔ་ནས་ཚེས་བཅུ་དྲུག་ཉིན་བར་མིན་ཧི་རྫོང་ཧོར་རིགས་ཧོས་རིགས་རང་སྐྱོང་རྫོང་དུ་སོང་ནས་། པེ་ཧྲན་ཞང་ཏི་ཞིན་སྡེ་བ་དང་ཏ་ཀྲུང་ཞང་ཐེད་ཅི་སྡེ་བ། མ་ཡན་གྲོང་རྡལ་གྱི་ཏ་ཀྲུང་སྡེ་བ་སོགས་སུ་སོང་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།

        ཡན་ཅིན་ཧེ་ཡིས་བཤད་རྒྱུར། མིན་ཧི་རྫོང་གི་རི་ཁུལ་དག་གི་རང་བྱུང་ཆ་རྐྱེན་ཞན་པ་དང་། ས་གཤིས་ཐད་ཀྱི་གནོད་སྐྱོན་ཚབས་ཆེན་ཡིན་ལ། འགྲིམ་འགྲུལ་སྟབས་མི་བདེ་བ་དང་སློབ་གྲྭར་འགྲིམ་དཀའ་བ། འཐུང་ཆུ་འདྲེན་དཀའ་བ་སོགས་ཀྱི་གནད་དོན་འབུར་ཐོན་ཡིན་པས། ང་ཚོས་ངེས་པར་དུ་གནད་ཕིགས་དྲུག་གི་བླང་བྱ་དམ་པོར་བཟུང་ནས། ས་གནས་རེ་རེ་དང་སྡེ་བ་རེ་རེ། ཁྱིམ་ཚང་རེ་རེ་དང་མི་རེ་རེའི་ཁྱད་པར་གཙོར་བཟུང་ནས་དབུལ་ཐར་བྱ་བ་སྤེལ་དགོས་ཟེར།

        ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། དབུལ་ཕོངས་ས་ཁུལ་གྱི་རང་བྱུང་གི་ཁྱད་ཆོས་གཞིར་འཛིན་དགོས་པ་དང་། མང་ཚོགས་ཀྱི་འདོད་མོས་གཙོར་བཟུང་ནས། ཁྱད་ལྡན་ཞིང་ཕྱུགས་ལས་རིགས་དང་ཞིང་སྡེའི་ཁྱད་ཆོས་ཅན་གྱི་ཡུལ་སྐོར་ལས་གཞི་སོགས་མང་ཚོགས་ཀྱི་ཡོང་སྒོ་ཆེ་རུ་གཏོང་ཐུབ་པའི་ལས་གཞི་འགའ་གསར་སྤེལ་བྱེད་དགོས། གཞན་ཞིང་སྡེའི་ནུས་རྩལ་ཟབ་སྦྱོང་མང་པོ་སྤེལ་ནས་དབུལ་ཕོངས་མི་སྣའི་ལས་ཞུགས་བྱེད་ཚད་ཆེ་རུ་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། དབུལ་ཕོངས་ས་ཁུལ་གྱི་བྱིས་པ་དག་ལའང་སློབ་གསོ་མྱོང་ཐུབ་པར་བྱས་ནས། སློབ་གསོ་དང་རིག་གནས་ཤེས་བྱ་ལ་བརྟེན་ནས་ལས་དབང་བསྒྱུར་ཐུབ་པར་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ལ་འཚོ་ཚིས་སྒྲུབ་པའི་ལམ་བུ་འཚོལ་རོགས་བྱེད་པ། ཐབས་ཇུས་གཏན་འཁེལ་བྱེད་པ། ལས་གཞི་འཚོལ་རོགས་བྱེད་པ། སྒོར་མོ་སྟེར་བ། སྲིད་ཇུས་སྒྲོག་པ། བརྡ་འཕྲིན་གསར་བ་དང་ལག་རྩལ་གསར་བ་བསྐྱལ་བ་སོགས་བྱས་པ་བརྒྱུད། དངོས་ཐོག་བདེན་འཚོལ་གྱིས་དབུལ་སྐྱོར་བྱེད་པ་དང་། དོན་དངོས་ཐོག་དབུལ་ཕོངས་ཡིན་པའི་ས་གནས་དང་ཁྱིམ་ཚང་སོགས་ལ་ད་བཟོད་དབུལ་སྐྱོར་བྱེད་པ་བཅས་བརྒྱུད་ནས། རྩ་བའི་སྟེང་དབུལ་ཕོངས་ལས་ཐར་བར་བྱེད་དགོས་ཟེར།