མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུར་བསམ་འཆར་བསྡུ་ལེན་བྱས།

           ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིས། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྙན་ཞུར་བསམ་འཆར་བཏོན་པའི་གནས་ཚུལ་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།

        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས། ཝང་ཡུས་པོ་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

        བཞུགས་མོལ་ཚོགས་འདུའི་སྟེང་དུ། ཝང་གོ་ཧྲིན་གྱིས་ཐོག་མར་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བསམ་འཆར་བསྡུ་ལེན་སྙན་ཞུ་གྲུབ་པའི་གོ་རིམ་མཚམས་སྦྱོར་བྱས་པར་མ་ཟད། སྙན་ཞུའི་ནང་དོན་གཙོ་བོ་གསལ་བཤད་བྱས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་དང་ཀྲུའུ་ཞི་གཞོན་པ་ཧྥན་ཡུས་མེན། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་པའོ་དབྱི་ཀྲི་དང་། ཆེད་བསྐོས་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིས་ཅུའུ་རིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཀྲིག་ཕིང་། ཆེད་བསྐོས་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧི་ཀང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཐུན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཅན། ཀྲུའུ་རིན་ཨུ་ཡོན་གཞོན་པ་མཱ་ཁུ་ཞིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིག་ཐུང་ཏི་དང་མཱ་ཅིན་ཀང་། ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲུའུ་ཁྲོན་ཡོན། ཞིང་ཆེན་ཤེས་ལྡན་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡུས་ཡང་དང་མཱ་ལེན་ལུང་། རྒྱུན་ལས་ལས་འཛིན་ལིས་ཀྲན་ཆོན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒར་བ་ངག་དབང་བཟང་པོ། ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཱ་ཡའེ་ཞང་། ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་རིན་ཆེན་བཀྲ་ཤིས་སོགས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད། ཝང་གོ་ཧྲིན་གྱིས་གཏམ་བཤད་ལ་རེ་རེ་བཞིན་ཉན་རྗེས། ཁོས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚང་མར་བཀའ་དྲིན་ཞུས་པར་མ་ཟད། སྙན་ཞུའི་མ་ཡིག་བཟོ་མཁན་རྣམས་ལ་ཀུན་གྱི་བསམ་འཆར་བསྡུ་ལེན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

        ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མའི་ཐུན་མོང་གི་ལས་དོན་ཡིན། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་སྡེ་ཁག་གི་མི་སྣ་བཅས་ཀྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་ཆེ་གྲས་དཀྱིལ་སྙིང་དུ་བཟུང་ནས། མང་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་དམ་འཛིན་བྱེད་དགོས་པར་མ་ཟད། དེར་རྟོག་ཞིབ་གཏིང་ཟབ་དང་བློ་འདོན་ཇུས་འབུལ་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་པར་བྱས་རྗེས་འཇོག་དགོས་ཞེས་བསྟན།