《ཀྲུང་གོའི་གླུ་གཞས་གསར་པ་》འགྲན་དུས་གཉིས་པའི་བོད་ལྗོངས་འགྲན་ཁུལ་གྱི་དཔྱད་འདེམས་བདེ་བླག་ངང་མཇུག་བསྒྲིལ་བ།

ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-05-19 16:37:30      རྩོམ་སྒྲིག་པ། : ཡེ་ཤེས །
 
 
       མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན་གྱི་ཕྱི་དྲོར། 《ཀྲུང་གོའི་གླུ་གཞས་གསར་པ་》འགྲན་དུས་གཉིས་པའི་རྒྱལ་ཡོངས་གྲོང་ཁྱེར་ཁག་གི་དཔྱད་འདེམས་བོད་ལྗོངས་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་དེ་ལྷ་ས་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་བསྒྲིལ་བ་རེད། རྟིང་རྩོད་འགྲན་བསྡུར་གྱི་ཡུལ་དངོས་སུ། གདམས་ཞུགས་པ་ཚོ་སྤྲོ་བ་འཕེལ་བ་དང་ཡིད་དབང་འགུགས་པའི་གླུ་གཞས་སྙན་མོ་རེ་རེས་དཔྱད་འདེམས་པ་དང་ལྟད་མོ་བ་ཚོའི་ཡིད་དབང་འཕྲོག་པ་རེད། མཇུག་མཐར། བཀྲ་ཤིས་ཕུན་ཚོགས་ལགས་ལ་འདེམས་ཤོག་གཅིག་གིས་མང་བ་ཐོབ་ཏེ་བོད་ལྗོངས་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་ནང་ཨང་དང་པོ་ཐོབ་པ་རེད།

  ཤེས་རྟོགས་བྱུང་གསལ་དུ། བོད་ལྗོངས་འགྲན་ཁུལ་གྱི་འགྲན་ཞུགས་པ་རྩེ་གྲ་བཅུ་ཡི་གླུ་གཞས་ནི་རྩ་འཛུགས་ཨུ་ལྷན་གྱིས་གཅིག་གྱུར་ངང་སྒྲ་དབྱངས་སྒྲིག་སྦྱོར་བྱས་ཏེ་ཀྲེ་ཅང་བརྙན་འཕྲིན་ཁང་དུ་སྐྱེལ་རྒྱུ་དང་། བོད་ལྗོངས་འགྲན་ཁུལ་གྱི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ་པའི་བཀྲ་ཤིས་ཕུན་ཚོགས་དང་། ཕུན་ཚོགས་སྒྲོལ་མ། བསོད་ནམས་རྡོ་རྗེ་གསུམ་པོ་ཟླ་6པར་སུའུ་ཀྲོའུ་རུ་སྤེལ་བའི་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་ལ་ཞུགས་ཏེ་བོད་ལྗོངས་འགྲན་ཁུལ་གྱི་འཐུས་ཚབ་པ་བྱེད་རྒྱུ་ཡིན་པ་རེད།

  《ཀྲུང་གོའི་གླུ་གཞས་གསར་པ་》བོད་ལྗོངས་འགྲན་ཁུལ་གྱི་དཔྱད་འདེམས་པ་དབྱངས་ཅན་གྱིས"ད་ལོ་ནི་བོད་ལྗོངས་སུ་《ཀྲུང་གོའི་གླུ་གཞས་གསར་པ་》ཡི་དཔྱད་འདེམས་ལེ་ཚན་སྤེལ་ཐེངས་དང་པོ་ཡིན་པས། འགྲན་ཞུགས་པ་ཚོའི་ཁྲོད་དུ་ཉམས་མྱོང་མེད་པ་ཁ་ཤས་འདུག རྗེས་མར་འགྲན་ཞུགས་པ་ཚོས་གྲ་སྒྲིག་ཡག་པོ་བྱེད་པའི་རེ་བ་ཡོད"ཅེས་བརྗོད་པ་རེད། གཙོ་གཉེར་ཕྱོགས་ཀྱིས་འགྲན་ཁུལ་ལམ་ལུགས་ཀྱི་དཔྱད་འདེམས་གོ་སྐབས་ལ་གཞིགས་ཏེ་གངས་ལྗོངས་མཐོ་སྒང་གི་ཕུལ་བྱུང་རོལ་དབྱངས་པ་ཚོར་ཕུགས་འདུན་མངོན་འགྱུར་ཡོང་བའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་པ་དང་། བོད་ལྗོངས་ནས་ཐོན་པའི་རོལ་དབྱངས་དེ་《ཀྲུང་གོའི་གླུ་གཞས་གསར་པ་》ཡི་སྟེགས་བུའི་ཐོག་ཕེབས་ནས་མི་སྔར་ལས་མང་པོ་ཞིག་གིས་བོད་ལྗོངས་ཀྱི་རོལ་དབྱངས་ལ་ཆ་རྒྱུས་ལེན་ཞོར་དུ། མི་རིགས་ཀྱི་རིག་གནས་དར་སྤེལ་དང་། རྒྱ་སྐད་རོལ་དབྱངས་ཁྱབ་ཁོངས་ཀྱི་གཞས་རིགས་ཕུན་སུམ་ཚོགས་སུ་གཏོང་རེ་ཡོད་ཅེས་བསྟན་པ་རེད།