བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ལས་ས་མཐོའི་ཁྱད་ཡོན་ལེགས་པར་མངོན།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-05-19 16:37:30      རྩོམ་སྒྲིག་པ། : ཡེ་ཤེས །
              མི་དམངས་དྲ་བའི་འཕྲིན། ཉེ་དུས“ཀྲུང་གོའི་རིག་གནས་ཐོན་ལས་ཀྱི་འགྲེམས་སྟོན་དང་པོ”ཞེས་གྲགས་པའི་ཀྲུང་གོ(ཧྲེན་ཀྲེན་)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་ཚོང་འདུས་ཧྲེན་ཀྲེན་དུ་མཇུག་འགྲིལ་བ་དང་། རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་རྒྱ་ཆེ་བའི་ཉོ་ཚོང་ལས་སྟེགས་དང་ཤུགས་ཆེའི་ཁྱབ་འགྱེད་ནུས་པར་བརྟེན་ནས་བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཁེ་ལས་ཀྱིས་རང་རང་གི་འཇོན་ཐང་ལེགས་པར་བཏོན་པ་དང་རིག་གནས་ཐོན་ལས་ཀྱི་ཁྱད་ཆོས་མངོན་དེ་ཐོན་ཟོག་གསར་པ་དང་རྣམ་གྲངས་གསར་པ་བསྟན་ཅིང་། བརྗོད་དོན་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་རང་རང་སོ་སོའི་རིག་གནས་ཀྱི་ལན་པར་ཀུན་ལ་དྲིལ་བསྒྲགས་བྱས་ཡོད།

        བོད་ཀྱི་འགྲེམས་ཁང་དུ་དལ་གྱིས་སྐྱོད་སྐབས། བོད་ཀྱི་རིག་གནས་བར་ཁྱམས་ཤིག་ཏུ་སླེབས་པ་ལྟ་བུའི་ཚོར་སྣང་སྦྱིན་ཞིང་། ཐང་ག་དང་། སྤོས། བོད་ཀྱི་རིག་གནས་སྐོར་གྱི་དཔེ་སྐྲུན་ཐོན་རྫས། བོད་ཤོག ཤིང་ཕོར་སོགས་རིག་གནས་ཀྱི་ཚོང་ཟོག་དག་རྣམ་སྲས་ཀྱི་བང་མཛོད་ལ་འགྲན་པ་ལྟར་རྫོགས་མཐའ་མེད་པ་ཞིག་ཏུ་སྣང་།

        སྤུས་ལེགས་ངོ་མཚར་ལྡན་པའི་ཐང་ག་དག་ནི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་ཡིད་དབང་འཕྲོག་ཡུལ་ཞིག་ཏུ་གྱུར་ནས་བོད་ཀྱི་འགྲེམས་ཁང་དུ་ལྟད་མོ་ལྟ་བར་ཡོང་མཁན་བུང་བའི་ཚོགས་བཞིན་འཁོར། དབྱར་རྩྭ་དགུན་འབུ་དང་ཁ་ཆེ་ཤ་སྐམ་ལ་སོགས་པའི་བོད་ཀྱི་ལྷད་མེད་ཡུལ་ཟོག་ལ་ལྟད་མོ་བ་མང་པོས་དགའ་པོ་བྱེད་ཀྱི་ཡོད། ཧོ་པེ་ནས་ཡིན་པའི་ཅའོ་ཆེ་གེ་མོ་བོད་ཀྱི་འགྲེམས་ཁང་དུ་ཡུན་རིང་བསྐོར་ཅིང་ཅ་ལག་ཀྱང་མང་པོ་ཞིག་ཉོས་འདུག ཁོང་གིས་བོད་ནི་ས་གཙང་ལ་རི་མཐོ་སར་ཆགས་པས་བཙོག་སྐྱོན་མེད་པའི་ཁར་ཁོར་ཡུག་སྲུང་སྐྱོང་ཡག་པོ་ཐུབ་སྟབས་དེ་ནས་ཐོན་པའི་བོད་ཀྱི་ཡུལ་ཟོག་ལ་སེམས་གཏིང་ནས་བློས་འགེལ་ཆོག་པར་བརྟེན་ད་རེས་ངས་རྩམ་པ་དང་སྨན་རྒྱུ་ཉོས་ནས་འཁྱེར་འགྲོ་གི་ཡིན་ཞེས་བཤད། རིག་དངོས་ཐོན་ལས་དངོས་མང་སྟོན་ཚོགས་རིང་། བོད་ཀྱི་འགྲེམས་ཁང་ལ་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དང་སྐུ་མགྲོན་མང་པོ་སླེབས་ནས་མངགས་ཐོ་བཀོད་པ་དང་མཉམ་ལས་བྱ་རྒྱུའི་གྲུབ་འབྲས་བཟང་པོ་ཐོབ་ཡོད། དེ་ལས་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ནི་བོད་ཀྱི་རིག་གནས་ཁེ་ལས་ཀྱིས་རིག་གནས་གསར་གཏོད་ཐོན་ཟོག་འགྲེམས་སྟོན་དང་། ལས་རིགས་སྒྲོལ་བའི་མཉམ་འདྲེས། སློབ་སྦྱོང་སྤེལ་རེས་བཅས་ཀྱི་གར་སྟེགས་གལ་ཆེན་ཞིག་ཡིན་ལ། རིག་གནས་ལན་པར་གཏོད་པ་དང་འཛད་སྤྱོད་ཀྱི་རིམ་པ་སྤོར་བར་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད་ཅེས་བཤད་ཆོག ཕྱོགས་ཁག་གིས་རོགས་རམ་བྱེད་པའི་ཁོར་ཡུག་ཆེན་པོའི་ཁྲོད་བོད་ཀྱི་རིག་གནས་ཐོན་ལས་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད་ཅེས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིག་གནས་སྒྲིག་གཞི་སྒྱུར་བཅོས་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་བརྟག་ཞིབ་པ་རྒྱ་མཚོས་བཤད།