སློབ་ཆེན་སློབ་མ་ཨེ་ནད་ཅན་ཞིག་གི་ངོས་ལེན་ཡི་གེ།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-05-26 09:18:28      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ཡིག་སྒྱུར་བ། དགེ་མཆོག

        འདི་ནི་སློབ་ཆེན་སློབ་མ་ཞིག་གིས་བསྐུར་བའི་འཕྲིན་ཡིག་ཅིག་རེད། འཕྲིན་ཡིག་འདིའི་ཡིག་འབྲུ་རྡོག་པོ་རེ་རེ་མུ་ཏིག་གི་རྡོག་པོ་རེ་རེ་བཞིན་རིན་ཐང་ཧ་ཅང་ཆེ། འཕྲིན་འདིས་ང་(རྩོམ་སྒྲིག་པ་)སེམས་འགུལ་ཐེབས་སུ་བཅུག་སོང་ལ། ཁྱེད་རྣམ་པས་ཀྱང་འདི་ཚར་གཅིག་ཀློག་པའི་རེ་བ་ཆེ།

        ང་ད་ལོ་ལོ་༢༣ཡིན་ཞིང་། སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན། སྨན་ཁང་ནས་བརྟག་དཔྱད་བྱེད་དུས་ང་ལ་ཨེ་ཛི་འགོས་ཡོད་པ་ཤེས། སྐབས་དེར་མགོ་ཐོག་ལ་ཐོག་བརྒྱབ་པ་དང་ས་གས་གནམ་རྡིབ་བྱས་པ་ལྟ་བུའི་ཚོར་བ་བྱུང་ཞིང་། དེ་ནས་བཟུང་ངའི་མི་ཚེའི་ཚོན་མདངས་ཡོད་ཚད་མོག་མོག་པོར་གྱུར་སོང་། ཉེ་སྐོར་གྱི་མི་ཚང་མས་ང་ལ་རྒྱུན་ལྡན་དང་མ་འདྲ་བའི་སྒོ་ནས་བལྟས་ཡོད་པའི་ཚོར་སྣང་སྐྱེས། སྐབས་དེར་ང་ལ་བསམ་རྒྱུ་གཅིག་རང་ཡོད་པ་ནི་ང་ནི་ཚར་སོང་སྙམ་པ་དེ་རེད། བློ་ཕམ་དང་ཡི་ཆད་ངང་སྨན་པར་གདོང་གཏོད་སྐབས། སྨན་པས་བརྟག་དཔྱད་སྙན་ཞུ་ལས་ཁྱོད་ལ་ཨེ་ཛི་འགོས་ཡོད་པ་གསལ་འདུག་ཟེར། ངོ་མ་ང་ལྐུགས་པ་རང་རེད། ངའི་ཀླད་པའི་ནང་ནས་ཝང་ཝང་ཟེར་ནས་སྒྲ་ཞིག་གྲག་པ་ལས་གཞན་གང་ཡང་མི་ཚོར། མི་མང་པོས་ཨེ་ཛིའི་ནད་ལ་དུས་ཐོག་ཏུ་མགོ་གནོན་སྨན་བཏུང་ན་རྒྱུན་ལྡན་གྱི་མི་ལྟར་འཚོ་ཐུབ་པ་རེད་ཅེས་ཟེར་ངེས་ལ། གནས་ལུགས་དེ་ངས་ཀྱང་ཤེས་ཡོད། འོན་ཀྱང་དངོས་སུ་གྲང་སིབ་སིབ་ཀྱི་བརྟག་དཔྱད་ཡི་གེ་འདི་ལག་ཏུ་འཛིན་དགོས་སྐབས་དང་ལེན་ཐུབ་པ་ཞིག་ལར་ནས་མ་རེད།དེ་ནི་ངའི་ལག་ཏུ་འཆི་རྒྱུའི་བརྡ་ཐོ་སྤྲད་པ་དང་གཉིས་སུ་མ་མཆིས།

        ང་ད་ལྟ་གཞི་ནས་ལོ་༢༣ཡིན། སློབ་ཆེན་འདོན་པའི་ཆེད་དུ་གྲོང་ཁྱེར་ཆེན་པོ་འདིར་ཡོང་བའི་ང་ལ་མཚོན་ན་ཁོར་ཡུག་འདི་དག་ནི་ཚོར་བ་ཡ་མཚན་པས་ཁེངས་པའི་ས་ཆ་ཞིག་རེད་ལ། སློབ་གླིང་གི་ཤེས་རིག་འདྲ་མིན་སྣ་ཚོགས་དག་གིས་ང་ལའང་རྒྱུན་ལྡན་དང་མི་འདྲ་བའི་ཤེས་འདོད་དང་མཚར་སྣང་ཡོད་པར་གྱུར། དེ་ལྟ་བུའི་མཚར་སྣང་དེས་རྐྱེན་པས་ཆེས་བྲོ་བ་མྱོང་མི་འོས་པའི་དངོས་པོ་དག་ལའང་བྲོ་བ་མྱོང་དུ་བཅུག་སོང་སྟེ། སྨྱན་བྱེད་མཉེན་ཆས་(交友软件)ལ་བརྟེན་ནས་རོགས་ཟླ་འགའ་བཙལ་བ་ཡིན། རོགས་ཟླ་ཡང་སློབ་ཆེན་སློབ་མ་རེད། ལུས་འབྲེལ་བྱེད་སྐབས་ཚོར་བ་སྐྱིད་པོ་ཡོང་བའི་ཆེད་དུ་སྲུང་ཤུབས་བེད་སྤྱོད་གཏན་ནས་མ་བྱས། ངས་བསམ་བློ་གང་འདྲ་བཏང་རུང་གོ་བ་གཏན་ནས་ལོན་གྱི་མི་འདུག ངའི་མགོ་ཐོག་ལ་འདི་འདྲའི་ཆག་སྒོ་ཞིག་ཡོང་དགོས་དོན་གང་ཡིན་ནམ། འོ་རེད། ང་གློ་བུར་དུ་དྲན་སོས་སོང་། ཏན་ཏན་ན་ནིང་རྒྱལ་སྟོན་དུས་ཆེན་སྐབས་ང་ལ་ཨེ་ཛིའི་ནད་འགོས་པ་རེད། རོགས་ཟླས་ཏན་ཏན་ཁོ་རང་ལ་ཨེ་ནད་ཡོད་པ་ཤེས་བཞིན་དུ་ང་ཆུ་ནང་དུ་འཐེན་པ་རེད་འདུག ཁོས་ཟེར་ན་ཁོ་ཧ་ཅང་བདེ་ཐང་ཡིན། མཚན་མའི་ནད་མེད། སྲུང་ཤུབས་གྱོན་དགོས་མ་རེད་ཟེར་དུས་ངས་འཛེམ་བག་མེད་པར་ཡིད་ཆེས་བྱས་པ་ཡིན། ང་སློབ་གྲྭར་ལོག་པའི་ལམ་བར་ནས་འཆི་རྒྱུ་མ་གཏོགས་གཞན་གང་ཡང་བསམ་རྒྱུ་མི་འདུག བརྟག་དཔྱད་ཡི་གེ་མ་བླངས་པའི་སྔོན་དུ་ང་བདེ་བདེ་ཐང་ཐང་ཡིན། སྙན་ངག་ཅིག་ལ་ཐག་རིང་ནས་སྒུག་ཡོད་པ་དེ་འཚོལ་དུ་འགྲོ་ཟེར་བ་ཞིག་ཡོད་པ་དེ་བཞིན་ངའི་སེམས་སུ་རེ་བས་ཁེངས་ཡོད། འོན་ཀྱང་བརྟག་དཔྱད་ཡི་གེ་བླངས་ཚར་རྗེས་ངའི་མི་ཚེའི་ཚོན་མདོག་མོག་མོག་པོར་གྱུར་སོང་། ངས་རང་གིས་རང་ལ་ཞུས་ཏེ་ཤི་བསམ་རྒྱུ་ལས་མི་འདུག་ལ། ངས་ཅིའི་ཕྱིར་རང་གིས་རང་ལ་སྲུང་སྐྱོབ་མ་བྱས་པ་ཡིན་ནམ། གལ་ཏེ་ངའི་གནས་ཚུལ་འདི་ཁྱིམ་མིས་ཤེས་སོང་ན་ཁོ་ཚོ་ལ་ཅི་འདྲའི་རེ་ཕམ་ཆེན་པོ་ཞིག་བཟོ་ངེས་སམ། སློབ་གྲོགས་ཀྱིས་ཤེས་སོང་ན་ཁོ་ཚོ་ང་དང་རྒྱང་ཐག་བཀྱེད་འགྲོའམ། ངས་ད་དུང་དགའ་རོགས་བསྒྲིགས་ན་འགྲིགས་སམ། ངའི་སེམས་སུ་འཁོར་ཡོང་བ་ནི་འདི་དང་འདི་ལྟ་བུའི་གྲངས་ཀྱིས་མི་ཆོད་པའི་དྲི་གཞི་དག་རེད། ང་སྐྲག་གི་འདུག མི་གཞན་གྱིས་ངའི་གནས་ཚུལ་ཤེས་འགྲོ་བར་དོགས་ནས་ང་སྐྲག་གིན་འདུག གཞན་གྱིས་མིག་མདངས་ཁེ་མཚར་གྱིས་ང་ལ་ལྟ་ཡོང་བར་དོགས་ནས་ང་སྐྲག་གིན་འདུག གཞན་གྱིས་ང་ཡ་མཚན་པའི་ཅ་དངོས་ཤིག་ལ་བརྩིས་ཏེ་ང་ལ་ལྟ་ཡོང་བར་དོགས་ནས་ང་སྐྲག་གིན་འདུག

        དེ་ནས་བཟུང་། གནས་ཚུལ་འདི་ངའི་སེམས་ཀྱི་གཏིང་རུམ་ན་སྦས་ཏེ་གཟབ་ནན་སེམས་ཆུང་ངང་འཚོ་བ་སྐྱེལ་དགོས་ཐུག་སོང་། སློབ་ཚན་ཉན་པ་དང་། ཟ་མ་ཟ་བ།གཉིད་ཉལ་བ་སོགས་ཕྱི་ཚུལ་ལ་ནམ་རྒྱུན་དང་གཅིག་པ་ཡིན་ནའང་ཆོག་མོད། འོན་ཀྱང་འདི་ཚོའི་ཐོག་ལ་སེམས་གཏན་ནས་གནས་ཐུབ་ཀྱི་མི་འདུག ངས་ཉིན་རྟག་པར་ང་འཆི་བའི་ཕྱོགས་ལ་འདང་རྒྱག་གིན་ཡོད། ཐ་ན་རང་ཤི་རྒྱག་རྒྱུའི་བསམ་བློ་ཡང་འཁོར་མྱོང་། འོན་ཀྱང་དེའང་ཕོད་མ་སོང་། རྒྱུ་མཚན་ནི་ངའི་ཁྱིམ་མིའི་ངོ་གདོང་མིག་མདུན་དུ་འཆར་ཡོང་གི་འདུག རང་གིས་རང་བློས་གཏོང་བྱས་ན་མི་འགྲིགས་པ་ངས་ཤེས། དེར་བརྟེན། ངས་དུས་ཚོད་ལྷག་མ་བེད་སྤྱད་ནས་བློ་ཁོག་བསྐྱེད་དེ་ཨེ་ཛིའི་ནད་སྐོར་གྱི་ཡིག་ཆ་བཙལ་བ་ཡིན། ཨེ་ཛི་ནད་ཀྱི་བཅོས་ཐབས་སྐོར་ཡིན་ནའང་འདྲ། ཨེ་ཛི་ནད་པའི་ཚེ་ཚད་སྐོར་ཡིན་ནའང་འདྲ། དེ་དག་ཚང་མ་ལ་ངས་སེམས་ཆུང་གཟབ་ནན་ངང་ཞིབ་འཇུག་བྱས་པ་ཡིན། འོན་ཀྱང་སློབ་ཚན་འཚོགས་སྐབས་དང་ཉལ་ཁང་ནང་ནས་དེ་དག་ལ་ལྟ་ཀློག་བྱེད་ཕོད་ཀྱི་མི་འདུག མི་མེད་སར་སོང་ནས་དྲྭ་ཐོག་ནས་ལྟ་ཀློག་བྱེད་ཀྱིན་ཡོད་ལ། བལྟས་ཚར་རྗེས་ཚང་མ་བསུབ་པ་ཡིན། རྒྱུན་མཚན་གཞན་གྱིས་ངས་ཅི་ཞིག་བྱེད་ཀྱིན་ཡོད་མེད་ཤེས་འགྲོ་བར་དོགས་པ་ཡིན།

        ངས་སྔོན་མ་ནས་ཨེ་ཛི་ནད་པའི་ལུས་པོར་ནད་འགོག་ནུས་པ་ཆེས་དམའ་པོ་ཡིན་པ་གོ་མྱོང་། དེར་བརྟེན། ངས་འཕྲོད་བསྟེན་ཐད་ཧ་ཅང་གཟབ་གཟབ་བྱེད་ཀྱིན་ཡོད། ཉིན་རེར་ལག་པ་ཐེངས་ཉི་ཤུ་ཙམ་བཀྲུ་བ་དང་། མི་ཚང་མས་རེག་ཐུག་བྱ་སའི་དངོས་པོ་ལ་ལག་པ་རེག་གིན་མེད། རྒྱུན་དུ་དུག་གསོད་རླན་རས་(消毒湿巾)ཁྱེར་ནས་ལག་པ་ཕྱི་བ་ཡིན། དྲྭ་ཐོག་ནས་ཨེ་ཛིའི་ནད་པར་མཉམ་བྱུང་ནད་རིགས་མང་པོས་སྡང་ཡོང་ཚུལ་བཤད་པའི་ཡི་གེ་ཞིག་མཐོང་བྱུང་བས་སེམས་ལ་དངངས་སྐྲག་ཧ་ཅང་ཆེན་པོ་སྐྱེས་ནས། སྐབས་དེར་ལུས་པོས་ཀྱང་ཚུགས་མི་ཐུབ་པར་གྱུར་ནས་ཉིན་དེའི་རིང་ལ་དངངས་སྐྲག་དང་ནུས་མེད་ངང་འདུག་དགོས་ཁེལ་བ་མ་ཟད། སང་ཉིན་གྱི་ཉི་མའང་མཐོང་ཐུབ་སྣང་མ་ཤར།

        ཨེ་ཛིའི་ནད་ལ་ངོས་འཛིན་ཡང་དག་པ་བྱ་དགོས། ངས་ཨེ་ཛིའི་ནད་སྐོར་གྱི་ཡིག་ཆ་མང་པོ་ལ་ལྟ་ཀློག་བྱས་རྗེས་དོན་དངོས་ཐོག་ཨེ་ཛི་ནད་ འགོས་ཡོད་ནའང་དེས་ཁྱོད་རང་མགྱོག་མྱུར་དུ་འཆི་འགྲོ་བའི་ངེས་པ་མེད་པ་ཤེས་ལ། དེ་བས་ཀྱང་འཚོ་གནས་ལ་སྙིང་པོ་མེད་པར་གྱུར་སོང་བ་མ་ཡིན་པ་ཤེས། དོན་དངོས་ཐོག་ཨེ་ཛིའི་ནད་དང་གཅིན་སྙིའི་(糖尿病)ནད་གཉིས་ཧ་ཅང་འདྲ་པོ་འདུག དེ་གཉིས་ཀ་དུས་ཡུན་རིང་པོར་སྨན་ཟ་དགོས་པའི་དལ་བའི་རང་བཞིན་གྱི་ནད་ཅིག་རེད། ངས་དྲ་བའི་ཐོག་ནས་སྐྱེས་མ་ཐག་ནས་ཨེ་ཛིའི་ནད་འགོས་ཡོད་པའི་ཨ་རིའི་མི་ཞིག་ཡོད་པ་མཐོང་བྱུང་། ཁོས་རྟག་པར་སྨན་ཟོས་ཏེ་ཨེ་ཛིའི་ནད་དུག་ཚོད་འཛིན་བྱས་པས་སྐབས་རེར་ནད་དུག་རྩ་བ་ནས་བརྟག་དཔྱད་མི་ཐུབ་པའི་ཚོད་ལའང་ཐོན་རྒྱུ་ཡོད་ཚུལ་བཤད་འདུག ཁོ་ད་དུང་རྒྱུན་ལྡན་གྱི་མི་དང་ལྷན་དུ་ཆང་ས་བརྒྱབ་པ་མ་ཟད། ཕྲུ་གུ་ཡང་གསུམ་འདུག ཕྲུ་གུ་ཚང་མ་ལ་ཨེ་ནད་འགོ་མི་འདུག ཁོ་ད་ལོ་ལོ་༣༦ལ་སོན་ཡོད་རུང་ད་དུང་བདེ་ཐང་ངང་གསོན་པོར་གནས་འདུག

        གསར་འགྱུར་དེ་མཐོང་བ་དང་རང་སྲོག་སྐྱོབ་རྒྱུ་ཡོད་པའི་ཚོར་སྣང་བྱུང་ཞིང་། མུ་མཐུད་འཚོ་བ་སྐྱེལ་བའི་ཡིད་ཆེས་དང་སྤོབས་པ་ཡང་སྟེར་བྱུང་།ང་འཆི་དགོས་མི་འདུག ང་ད་དུང་མུ་མཐུད་འཇིག་རྟེན་འདིར་འཚོ་དགོས།ངས་སློབ་སྦྱོང་བྱས་ན་འགྲིགས་འདུག མི་གཞན་དང་གྲོགས་པོ་སྒྲིག་པ། དགའ་རོགས་སྒྲིག་པ།ཆང་ས་བརྒྱབ་སྟེ་ཕྲུ་གུ་བཙའ་བ་སོགས་བྱས་ན་ཆོག་འདུག

        ངས་ཁྱིམ་མི་ལ་གསང་བ་བྱ་རྩིས་ཡོད། ངའི་ཁྱིམ་མི་ཚོ་བསམ་བློ་ཧ་ཅང་རྙིང་ཞེན་བག་འཁུམས་ཅན་རེད། དེ་སྔོན་གྱི་ང་ནང་བཞིན་ཨེ་ཛིའི་ནད་ལ་ཡང་དག་པའི་རྒྱུས་ལོན་ཏིལ་འབྲུ་ཙམ་ཡང་མེད། གལ་ཏེ་ང་ལའང་ནད་འདི་འགོས་མེད་ཚེ་ངས་ཨེ་ཛི་ནད་ཟེར་བ་དེ་འགོས་ཚར་བ་དང་ལམ་སང་ཤི་འགྲོ་བ་རེད་བསམ་ས་རེད། དེར་བརྟེན། ང་ལ་གནས་ཚུལ་འདི་ཁོ་ཚོར་བཤད་པའི་སྤོབས་པ་མི་འདུག ཁོ་ཚོ་ནི་འཛམ་གླིང་འདིའི་ཐོག་གི་ང་ལ་ཆེས་དགའ་ཤོས་དང་བརྩེ་ཤོས་ཀྱི་མི་ཤ་སྟག་ཡིན་པས་གནས་ཚུལ་འདི་ཁོ་ཚོར་བཤད་ན་ཁོ་ཚོ་ངེས་པར་དུ་རྩ་ཐོར་དུ་འགྲོ་བ་རེད། དེར་བརྟེན་ཁོ་ཚོ་ལ་འགྲེལ་བཤད་ཕོག་རེད་བསམ་པའི་གདེང་ཚོད་ལར་ནས་མི་འདུག ཨེ་ནད་འགོས་ཡོད་པ་ཤེས་རྗེས་ང་ཆེད་དུ་ཕ་ཡུལ་དུ་ཐེངས་གཅིག་ལོག་པ་ཡིན། དེའི་སྐབས་ཁྱོད་ཚོ་ཧ་ཅང་དྲན་པས་ཡོང་བ་ཡིན་ཞེས་རྫུན་ལབ་པ་ཡིན། དྲང་མོ་བཤད་ན་ང་དེ་དུས་ཁོ་ཚོའི་ཉེ་འགྲམ་དུ་ཤི་བསམས་ནས་ཡོང་བ་ཡིན། ང་སློབ་ཆེན་ཐོན་པ་ལ་ད་དུང་ལོ་གཅིག་འདུག ངས་རང་གིས་རང་ལ་དམིགས་འབེན་ཞིག་བཟོས་ཏེ། དེ་ངེས་པར་དུ་མཐའ་འཁྱོངས་བ་བྱ་དགོས། མ་གཞི་བྱས་ན་ངས་ཞིབ་འཇུག་སློབ་མ་འདོན་བསམ་པ་ཡིན་མོད། བསམ་བློ་ག་ཚད་བཏང་རུང་ད་ནི་གཡུག་གཞག་རྒྱུ་ལས་མི་འདུག ཕ་ཡུལ་དང་ཁ་ཐག་རིང་ས་ཞིག་ལ་ལས་ཀ་བཙལ་བ་ཡིན་ན་རྒྱུས་མངའ་ཡོད་པའི་མི་དང་ཐུག་པ་མ་རེད་ལ། རྒྱུན་དུ་ཕ་མས་ཀྱང་ང་མཐོང་གི་མ་རེད། དེ་འདྲ་མ་བྱས་ན་ངའི་གནས་ཚུལ་འདི་ཤེས་འགྲོ་བའི་ཉེན་ཁ་ཡོད་རེད།

        འབད་བརྩོན་ཆེན་པོས་གསོན་ཐབས་བྱེད་དགོས། ངས་ཉིན་བཞིན་རྒྱུག་ཤར་གློད་དེ་ལུས་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ངོ་མ་བྱས་ན་དེ་སྔོན་གྱི་ང་ནི་ཧ་ཅང་ལེ་ལོ་ཅན་ཞིག་ཡིན་པས་ང་རྒྱུག་ཤར་གློད་དེ་ལུས་སྦྱོང་བྱེད་ཀྱིན་ཡོད་པ་མཐོང་བ་དང་མི་ཚང་མ་མཚར་སྣང་སྐྱེ་བཞིན་འདུག འོན་ཀྱང་ང་གློ་བུར་དུ་དེ་ལྟར་རྒྱུན་སྐྱོང་ཐུབ་པ་ཡོང་འགྲོ་བའི་རྒྱུན་དངོས་ནི་རང་ཉིད་ལས་སུས་ཀྱང་མི་ཤེས། ཉེ་བའི་ལོ་འདི་དག་གི་ནང་ཨེ་ཛིའི་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་ཁྱབ་བརྡལ་དུ་བཏང་རྐྱེན་མི་མང་ཤོས་ཀྱིས་ཨེ་ཛིའི་ནད་པ་ལ་བསམ་ཤེས་ཐུབ་མོད། འོན་ཀྱང་སྤྱི་ཚོགས་ཐོག་གི་མི་ཉུང་ཤས་ཤིག་གིས་ཨེ་ཛི་ནད་པ་ལ་ལོགས་བཀར་ཆེན་པོ་བྱེད་ཀྱིན་འདུག ཚང་མས་ཤེས་གསལ་ལྟར་ཨེ་ཛིའི་ནད་ནི་འགོས་ལམ་གསུམ་པོ་གང་རུང་ཞིག་ནས་འགོ་བ་རེད་མོད། ངས་སྤྱི་ཚོགས་ཀྱིས་ཕྱོགས་ཡོངས་ནས་ང་དང་ལེན་ཐུབ་རྒྱུར་རེ་བ་རྒྱག་མི་ཕོད་ལ། རང་དང་གཞན་ལ་ཤན་ཤུགས་མི་ཐེབས་པའི་ཆེད་སྦ་གསང་བྱ་བ་ལས་འོས་མི་འདུག མི་གཞན་གྱི་མིག་ནང་ལ་ངའི་བྱེད་སྟངས་འདི་ཧ་ཅང་མ་འགྲིགས་པ་ཞིག་རེད། ཉིན་ཞིག་ངའི་གནས་ཚུལ་འདི་རང་གི་གྲོགས་པོ་ཆེས་བཟང་ཤོས་ཤིག་ལ་བཤད་རྩིས་བྱས་ནས་དང་པོ་ཨེ་ཛིའི་སྐོར་ནས་གླེང་བསླངས་པ་ན། གྲོགས་པོས་དེ་གོ་བ་དང་མ་འདོད་པའི་ཉམས་ཀྱིས་ནད་ངན་དེའི་སྐོར་བཤད་མི་འདོད། ཧ་ཅང་སྐྱུག་བྲོ་བ་ཞིག་རེད་ཅེས་ཟེར་ནས། ངའི་མཆུ་རྩེ་ལ་ཐོན་པའི་སྐ་ཆ་དེ་སླར་ཡང་མིད་དགོས་པ་ཆགས་སོང་།

        ཨེ་ཛི་ནད་དང་ང་ཚོ་བར་ཐག་ཧ་ཅང་ཉེ། མི་མང་པོ་ཞིག་གིས་ཨེ་ཛིའི་ནད་འདི་གོ་དུས་ང་ཚོ་དང་བར་ཐག་ཧ་ཅང་རིང་པོ་རུ་ཡོད་སྣང་འཆར་བ་རེད། འོན་ཀྱང་དེ་ཧ་མ་གོ་བ་རེད་མ་གཏོགས་ཨེ་ཛི་ནད་ནི་ང་ཚོ་དང་ཆེས་ཉེ་སར་བསླེབས་ཡོད་ལ། སྐབས་རེར་ང་ཚོའི་ཟུར་རང་ནས་གནས་ཚུལ་འཐོན་བཞིན་ཡོད། མིག་སྔར་ཀྲུང་གོ་རུ་ཨེ་ཛི་ནད་འགོས་པའི་མི་གྲངས་ཁྲི་100ལས་བརྒལ་ཚར་བ་རེད་ལ། ད་ལྟ་སྲོག་འཚོས་ཡོད་པའི་ཨེ་ཛིའི་ནད་དུག་ཅན་དང་ནད་པ་ཁྲི་84ལྷག་ཡོད། ད་དུང་ཡང་ཨེ་ཛི་ནད་འགོ་བའི་མི་གྲངས་མུ་མཐུད་ཇེ་མང་དུ་འགྲོ་བཞིན་པའི་སྒང་རེད་ལ། མ་ཟད་ན་གཞོན་གྱི་ནང་ལ་ཉེན་ཁ་མངོན་གསལ་ཆེ་བས། ང་ཚོ་སློབ་ཆེན་གྱི་འཚོ་བ་རོལ་མཁན་དག་ལ་མཚོན་ན་དེ་བས་ཀྱང་ཨེ་ཛི་ནད་ཁྱབ་མཆེད་འགྲོ་ས་དངོས་དེ་གྱུར་ཡོད། ནམ་རྒྱུན་འཚོ་བའི་ནང་སྤྱིར་བཏང་གི་མི་དག་ལ་སྣང་འཇོག་དེ་ཙམ་མི་བྱེད་མོད། འོན་ཀྱང་མི་དེ་དག་གི་ནང་དུ་ཡང་ཨེ་ནད་འགོས་ཡོད་པ་མང་པོ་ཡོད། ང་ཚོས་བསམ་ཤེས་དང་ཁོག་ཡངས་བྱ་མ་ཐུབ་པའི་རྒྱུ་མཚན་གྱིས་ཁོ་ཚོ་ང་ཚོའི་རིག་སར་འབུད་མ་ཐུབ་པར་སྦས་གསང་བྱེད་དགོས་ཐུག་པ་རེད། ཁྱོད་ཀྱིས་བསམས་ན་ཁོ་ཚོ་འདི་ལྟར་བསྡད་ན་ཁྱོད་ལ་གནོད་སྐྱོན་གང་ཡང་མི་ཐེབས་དྲན་གྱིན་འདུག་གམ། འོན་ཀྱང་ཉིན་ཞིག་ཁྱོད་ཚོ་ཉེན་ཁ་དེར་མཆོངས་སོང་ན་ཇི་ལྟར་བྱ། ངས་ང་རང་དང་ལོ་ཚོད་གཅིག་པ་དག་ལ་སྐད་ཅིག་བསྐུར་འདོད། ཁྱོད་ཚོས་ངེས་པར་དུ་རང་ལུས་རང་གཅེས་གྱིས། རང་གིས་རང་ལ་འགན་ཞིག་ཁུར། དེ་འདྲ་མ་ཐུབ་ན་མི་སྲིད་པའི་གནས་ཚུལ་མང་པོ་ཞིག་སྲིད་པར་གྱུར་ཚེ་ཕྱི་དྲགས་ཚར་འདུག ངའི་རེ་བ་ལ་ཉིན་ཞིག་མི་ཚང་མར་ཨེ་ཛི་ནད་དུག་ཅན་ལ་ཡང་དག་པའི་ལྟ་ཚུལ་ཞིག་ཆགས་ཐུབ་རྒྱུ་དེ་ཡིན། ངས་རྒྱུ་ཆེན་ཕྱུག་པོ་ཞིག་ཡོང་ཐབས་ལ་རེ་བ་འཆང་གིན་མེད། ང་ཚོ་ལ་འཚོ་གནས་ཀྱི་ཁོར་ཡུག་ཆུང་ངུ་ཞིག་དང་འདྲ་མཉམ་ལྡན་པའི་འགྲན་རྩོད་ཀྱི་གོ་སྐབས་ཤིག་སྤྲད་རོགས་ཞེས་པ་ལས་རེ་བ་གཞན་གང་ཡང་མེད།

        རྩོམ་སྒྲིག་པའི་གསལ་བཤད། ཡི་གེ་འདི་བཀླགས་ཚར་རྗེས་ཁྱོད་ཀྱི་སེམས་ནང་ལ་བརྗོད་དུ་མི་བཏུབ་པའི་ཚོར་བ་མངར་སྐྱུར་མང་པོ་བྱུང་ཡོད་ངེས། ད་དུང་ཡང་དཔེ་མཚོན་འདི་གཅིག་པུ་ཙམ་མ་ཡིན་པར་མི་བརྒྱ་སྟོང་མང་པོ་འདི་ལྟ་བུའི་ལམ་ཁར་བསྙེགས་ཟིན་ཡོད་པ་རེད། འོན་ཀྱང་སློབ་མ་འདིས་རང་ཉིད་བློས་གཏོང་མ་བྱས་པར་གསོན་པོར་གནས་འདུག མི་ཆེས་མང་པོ་ཞིག་ནད་ངན་འདི་འདྲ་འགོས་ཡོད་པ་ཤེས་དུས་རང་ཉིད་འཇིགས་སྣང་དེའི་ཁྲོད་ནས་ཐར་ཐབས་ལ་མི་བརྩོན་པར་འཚོ་བའི་ཁ་ཕྱོགས་ཡོངས་སུ་བརླགས་ཏེ་དེ་ལས་ཚབས་ཆེ་བའི་སྐྱོ་གར་སྣ་ཚོགས་འབྱུང་བ་རེད། འཕྲིན་ཡིག་འདིས་ང་ཚོ་ལ་བླང་བྱ་ཞིག་བསྟན་ཡོད་པ་ནི། ལས་དོན་དང་སློབ་སྦྱོང་སོགས་ཀྱི་ཆེད་དུ་ཕྱི་རོལ་ཏུ་འགྲོ་སྐབས་རང་ལུས་རང་གཅེས་མ་བྱས་ན་ཡོང་མི་སྲིད་པའི་གནས་ཚུལ་ཞིག་སྲིད་པར་གྱུར་ཚར་དུས་ཕྱི་དྲགས་པ་ཡིན་ཚུལ་བསྟན་ཡོད།