འབྲི་སྟོད་རྫོང་གི་གནས་ཚུལ་མདོར་བསྡུས།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-08 17:24:05      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        འབྲི་སྟོད་རྫོང་ནི1953ལོའི་ཟླ10བར་མི་དམངས་སྲིད་གཞུང་གིས་བཙུགས་པ་ཡིན། མཚོ་བོད་མཐོ་སྒང་གི་དབུས་སུ་ཡོད་པ་དང་ས་ངོས་ཀྱི་རྒྱ་ཁྱོན་ལ་བསྡོམས་པས་སྤྱི་ལེ་གྲུ་བཞི་མ་ཁྲི8.02ཡོད། དེ་ནི་རྒྱལ་ཡོངས་མི་རིགས་ཀྱི་བསྡུར་ཚད་ཆེས་མཐོ་ལ་མཚོ་ངོས་ལས་ཆེས་མཐོ་བ། མི་རེའི་ཆ་སྙོམས་ཀྱིས་ས་བཟུང་ཚད་ཆེས་ཆེ་བ། སྐྱེ་ཁམས་ས་གནས་ཆེས་གལ་ཆེ་བའི་རྫོང་ཞིག་ཡིན། དེ་ལ་འབྲི་ཆུའི་མགོ་ཁུངས་དང་སྲོག་ཆགས་ཀྱི་འཇིག་རྟེན། ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡང་ཐོབ་ཡོད། འབྲི་སྟོད་རྫོང་དེ་ཡུལ་ཤུལ་ཁུལ་གྱི་ནུབ་བརྒྱུད་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་གནས་ས་ཁུལ་དུ་ཡོད་ལ་ས་བབ་རྙོག་འཛིང་ཆེ། 109རྒྱལ་ལམ་དང་མཚོ་བོད་ལྕགས་ལམ་གནས་དེ་རུ་བརྒལ་དགོས་པས་དབུས་གཙང་དང་མཚོ་སྔོན་གྱི་འབྲེལ་མཐུད་བྱེད་ས་ཡིན་ལ་ནང་ལོག་དང་འབྲེལ་འདྲེས་བྱེད་སའི་སྐམ་སའི་ཐོག་གི་བགྲོད་ལམ་གལ་ཆེན་ཞིག་ཡིན། ལྗོངས་ཁུལ་ནང་གི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་ད་སྔའི་འཛམ་གླིང་སྟེང་གི་གདོད་མའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པའི་ཆེས་ལེགས་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན་ལ། རྒྱལ་ཡོངས་ནས་རྒྱ་ཁྱོན་ཆེས་ཆེ་ལ་མཚོ་ངོས་ལས་ཆེས་མཐོ་བ། རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྲས་ཀྱི་གཅིག་ཡང་ཡིན། མཚོ་བོད་མཐོ་སྒང་དང་ཀྲུང་གོ ཡ་གླིང་དང་གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་ཁྲོད་གནས་བབ་གལ་ཆེན་ཞིག་ཟིན་ཡོད། འབྲི་སྟོད་རྫོང་གི་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་ལ་ཁྱད་ཆོས་མངོན་གསལ་ལྡན། རྫོང་ཡོངས་ཀྱི་མངའ་ཁོངས་སུ་ཤང་ལྔ་དང་གྲོང་བརྡལ་གཅིག ཕྱུགས་ལས་ཨུ་ཡོན་ལྷན་ཁང20། འབྲོག་དམངས་ཚན་ཆུང68ཡོད་ལ་མི་གྲངས་ཁྲི3.6སླེབས་ཡོད། དེའི་ཁྲོད་བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི97.4%ཟིན་ཡོད། ས་ཁུལ་གྱི་དམངས་ཡོངས་སངས་རྒྱས་ཆོས་ལུགས་ཀྱི་ཁོངས་སུ་གཏོགས་ལ་སངས་རྒྱས་ཆོས་ལུགས་ལ་དད་མོས་བྱེད་པས་སངས་རྒྱས་ཆོས་ལུགས་རིག་གནས་དང་གེ་སར་རིག་གནས། བོད་ཀྱི་གླུ་གར་རིག་གནས་སོགས་རིག་གནས་ལོ་རྒྱུས་ཀྱི་གཏིང་ཟབ་ལ་ཤུགས་རྐྱེན་ཡང་ཆེན་པོ་ལྡན་པ་རེད། གངས་རི་དང་རྩྭ་ཐང་། འབྲི་ཆུའི་མགོ་ཁུངས་། ཨ་ཆེན་གངས་རྒྱབ་སོགས་རང་བྱུང་མཛེས་ལྗོངས་ཧ་ཅང་མང་། འབྲི་སྟོད་རྫོང་གི་གནམ་གཤིས་ཆ་རྐྱེན་མི་བཟང་། འབྲི་སྟོད་རྫོང་དེ་ཡུལ་ཤུལ་ཁུལ་གྱི་རྩེ་གནས་སུ་ཡོད་ལ་ལྗོངས་ཁུལ་དག་ཆ་སྙོམས་ཀྱིས་མཚོ་ངོས་ལས་སྨི4500ཡན་མཐོ་བ་རེད། ཉིན་མའི་དྲོད་ཚད་ཀྱི་ཁྱད་པར་ཆེ་ལ་ལོ་རེའི་དྲོད་ཚད་ཀྱི་ཁྱད་པར་ཆུང་། ཆར་བ་འབབ་ཚད་ཉུང་ལ་སྐམ་རློན་མངོན་གསལ་ཡིན། འོད་ནུས་ཕོག་ཚད་འདང་ལ་ཉི་འོད་ཆེ་བ་རེད།

        “ཟླ་ལྔ་བར་འཁྱགས་དར་ཞུ་བ་དང་ཟླ་བརྒྱད་པར་རྩྭ་སེར་པོར་འགྱུར་བ”ནི་འབྲི་སྟོད་ཀྱི་གནས་ཚུལ་དངོས་ཡིན་པ་རེད། ལྗོངས་ཁུལ་ནང་ཁ་བ་ཆེ་ལ་སེར་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཆེ་བས་རྒྱལ་ཡོངས་ནས་ཁོར་ཡུག་ཆེས་སྡུག་ཤོས་ས་ཁུལ་གྲས་ཀྱི་གཅིག་ཡིན། དེ་ལ“མིའི་རིགས་ཀྱི་ཚེ་སྲོག་གི་བཀག་སྡོམ་ཁུལ”དང“སའི་གོ་ལའི་སྣེ་གསུམ་པ”ཡང་ཟེར། འབྲི་སྟོད་རྫོང་གི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ། རྩྭ་ས་དང་གཏེར་ཁུངས། སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པས་ད་ཡོད་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་ས་མུའུ་ཁྲི5819ལ་བེད་སྤྱོད་བྱས་ཆོག་ཚད67%ལ་སླེབས་ཡོད། ལྗོངས་ཁུལ་ནང་དུ་གསེར་དང་དངུལ། ཟངས། ཚྭ། རྡོ་སོལ་དང་ཆུ་ནུས། རླུང་ནུས། ཉི་ནུས་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ། དབྱར་རྩྭ་དགུན་འབུ་དང་སྲོ་ལོ་དམར་པོ། ལྕུམ། སྙི་བ་སོགས་སྨན་རྫས་རྒྱུ་ཆ་སྣ་ཚོགས་ཡོད། གཙོད། གསའ། ཤྭ་དམར། རྐྱང་། གོང་མོ། གླ་བ་སོགས་རྩ་ཆེའི་རི་དྭགས་མང་པོ་ཡོད་པ་རེད། འབྲི་སྟོད་རྫོང་གི་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན། ལོ་རྒྱུས་དང་ས་རྒྱུས། ནམ་ཟླ་སོགས་ཀྱི་རྒྱུ་རྐྱེན་གང་མང་ཞིག་གིས་འབྲི་སྟོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གྲུབ་ཚུལ་གྱི་གནད་དོན་འབུར་ཐོན་ཡིན། ཕྱུགས་ལས་ནི་རྫོང་ཡོངས་ཀྱི་ཐོན་ལས་གཙོ་བོ་དང་མང་ཚོགས་འཚོ་བརྟེན་གྱི་རྨང་གཞི་ཡིན། ཚོང་གཉེར་བྱེད་སྟངས་མི་ལེགས་ལ་ཐོན་ལས་གཉིས་པའི་འཕེལ་རྒྱས་མི་འདང་བ། ཐོན་ལས་གསུམ་པ་ཐོག་མའི་དུས་རིམ་དུ་ཡོད་པ། འགྲིམ་འགྲུལ་དང་ནུས་ཁུངས་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན། དབུལ་ཕོངས་མི་གྲངས་མང་ལ་དབུལ་ཕོངས་ཀྱི་རྒྱ་ཁྱོན་ཆེ་བ། དབུལ་ཕོངས་ཚད་གཏིང་ཟབ་པ་ནི་འབྲི་སྟོད་རྫོང་གི་གནས་ཚུལ་ཆེས་གཙོ་བོ་ཡིན།

        ལོ་ཙཱ་བ། ལྷ་ཆེན་རྒྱལ།