བློ་ཁོག་ཡངས་པའི་ལྷོ་རོང་ཕུ་རྡོ་ཁ་ཡི་ཚོང་ལས་ཀྱི་ལམ་བུ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།      སྤེལ་དུས། : 2017-06-09 11:47:17      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

  ལྷོ་རོང་ཕུ་རྡོ་ཁ།

  ཕུ་རྡོ་ཁ་ལགས་ཀྱིས་ཉར་ཚགས་གནང་བའི་གནའ་རབས་ཀྱི་མདའ་སྣོད།

  དབུས་ལྷ་ལྡན་གྱི་ལྟེ་བར་ལས་རིགས་སྣ་ཚོགས་ལས་བཞིན་པའི་མི་ཚོགས་མང་ཡང་ལྷོ་རོང་ཕུ་རྡོ་ཁ་ཞེས་པ་མི་ཕལ་མོ་ཆེས་རྣ་ལམ་དུ་ཐོས་མྱོང་བ་དང་ངོ་མི་ཤེས་པ་སྤྱིར་ན་ཉུང་ལ་ཚོང་གཉེར་བ་རྣམས་ཀྱི་ཁྲོད་དུ་དེ་བས་ངོ་མི་ཤེས་པ་མེད།དེ་ལྟར་གྲགས་ཆེ་བའི་རྒྱུ་མཚན་ནི། ཁོང་ལ་སྐྱེ་བོ་གཞན་ལས་ཁྱད་དུ་འཕགས་པའི་གཤིས་རྒྱུད་ཅིག་ཡོད་པའི་རྐྱེན་གྱིས་ཡིན།

  ཁོང་གི་ཕ་ཡུལ་ནི་ཆབ་མདོ་ལྷོ་རོང་རྫོང་ནས་ཡིན་པ་དང་ལོ་ན་བཅུ་བདུན་སོན་ཙམ་ནས་དབུས་དཔལ་གྱི་ཆོས་འཁོར་ལྷ་སར་ཡོང་བ་དང་རང་གི་བརྩོན་འགྲུས་ལ་བརྟེན་ནས་མ་དངུལ་གྲབས་གསོག་བྱས་ཏེ་རིམ་གྱིས་ཚོང་གཉེར་གྱི་ལམ་དུ་ཞུགས་པ་རེད།ཐོག་མར་ཚོང་གཉེར་གྱི་མ་དངུལ་མེད་པ་དང་ཚོང་གཉེར་གྱི་ཉམས་མྱོང་མེད་རུང་རང་གི་བློ་རིག་དང་ཐབས་ཤེས་སྣ་ཚོགས་ལ་བརྟེན་པས་ཚོང་ལས་ཐོག་ལ་གྲུབ་འབྲས་ཡང་མི་ཉུང་བ་ཞིག་ཐོབ་ཡོད། མི་སུ་འདྲ་ཞིག་ཡིན་རུང་རང་གི་མི་ཚེའི་ལམ་བུ་ནི་བདེ་བ་དང་རྒྱལ་ཁ་ཁོ་ན་ཙམ་ཞིག་མ་ཡིན་པར་མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་ཅེས་པ་ལྟར་ཕུ་རྡོ་ཁ་ཁོང་རང་ཡང་ཚོང་གཉེར་གྱི་ལམ་བུའི་ཐོག་རྒྱལ་ཁ་དང་ཕམ་ཁ་མང་པོ་བརྒྱུད་གནང་བ་རེད། ཡིན་ནའང་ཁོང་གི་དམིགས་བསལ་གཤིས་རྒྱུད་དེའི་དབང་གིས་དུས་རྟག་ཏུ་ཕམ་ཁ་ནི་རྒྱལ་ཁའི་རྩ་བ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཏུ་ངོས་འཛིན་གནང་ནས་ཡིད་ཆད་དང་སེམས་ཤུགས་རྩ་བ་ནས་ཉམས་མེད། ཁོང་གི་གསུངས་པར“ང་རང་ཚོང་གཉེར་གྱི་ལམ་བུ་འདི་གདམས་ག་བྱས་པ་ནས་བཟུང་རྒྱལ་ཁ་དང་ཕམ་ཁ་ནི་ལྡོག་ཐབས་མེད་པ་ཞིག་རེད།གལ་ཏེ་ང་རང་རྒྱལ་ཁའི་ཕྱོགས་སུ་སོང་བ་ཡིན་ན།འདི་ནི་ངས་དཀའ་བ་སྤྱད་པར་འབྲས་བུ་སྨིན་པ་ཞིག་ཡིན་པས་ང་རང་དགའ་འོས་པ་ཞིག་རེད་། གལ་ཏེ་ང་རང་ཕམ་ཁའི་ཕྱོགས་སུ་སོང་བ་ཡིན་ཚེ་དེ་ལ་ཡང་སེམས་སྡུག་བྱེད་དགོས་གང་ཡང་མེད།གང་ལགས་ཞེ་ན་དེར་སེམས་སྡུག་བྱས་ཚེ་ཕན་པ་གང་ཡང་མེད་པས་དེ་ལས་ཡང་དག་པའི་བསམ་བློ་བཏང་ནས་རང་གི་སྐྱོན་དང་ནོར་འཁྲུལ་བཙལ་ཏེ་ལེགས་བཅོས་བྱས་ནས་སླད་མར་ནོར་འཁྲུལ་དེ་རིགས་མི་ཐོན་པ་བྱ་རྒྱུ་དེ་རེད། གལ་ཏེ་དེ་ལྟར་བྱེད་ཐུབ་པ་ཡིན་ཚེ་ངས་བལྟས་ན་ཧ་ཅང་ལེགས་པོ་ཞིག་རེད་།”ཅེས་གསུང་གི་འདུག ཁོང་ལ་ཚོང་གཉེར་ཐད་གྲུབ་འབྲས་ལེགས་པོ་ཞིག་ཐོབ་ཚེ་སེམས་ནང་དགའ་ཚོར་དཔག་མེད་དང་རྟེན་འབྲེལ་བསྒྲིགས་པ་སོགས་ཀྱི་སྲོལ་གང་ཡང་མེད་པར་དེ་ནི་རང་ལ་དངོས་འབྲེལ་ཐོབ་དགོས་ངེས་ཀྱི་འབྲས་བུ་ཞིག་ཏུ་བརྩི་གནང་གི་ཡོད། གལ་ཏེ་ཕམ་ཁ་བྱུང་ཚེ་སེམས་སྡུག་དང་ཡིད་ཆད་སོགས་གང་ཡང་མེད་པར་ཕམ་ཁ་ཚང་མ་རང་ཉིད་རྒྱལ་ཁའི་ལམ་དུ་བསྐྱོད་པའི་སྟོབས་ཤུགས་སུ་ངོས་འཛིན་གནང་གི་ཡོད། དེ་ལྟར་ཁོང་གི་བག་དྲོ་ལ་སེམས་བག་ཡང་པའི་གཤིས་རྒྱུད་དེས་མི་རྣམས་ལ་བག་ཆགས་ལེགས་པོ་བཞག་ཡོད་པས་ལྷ་ལྡན་གྲོང་གི་ཚོང་གཉེར་གྱི་ཕྱག་ལས་གནང་མཁན་ཁྲོད་སྤྱིར་ན་ཁོང་ངོ་མི་ཤེས་པ་མེད། མ་ཟད་ཁོང་གི་ཚོང་ཁང་ནང་འཛུལ་མ་ཐག་ང་ཚོའི་མིག་ལམ་དུ་འཆར་བ་ནི་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དངོས་པོ་འདྲ་མིན་སྣ་ཚོགས་ཡོད་པས་ངས་བལྟས་ན་ཁོང་གི་ཚོང་ཁང་ནི་རྒྱལ་ཕྱི་རྒྱལ་ནང་གི་ཚོང་གཉེར་བས་དགའ་པོ་བྱེད་པའི་གནས་ཤིག་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དངོས་རིགས་མང་བའི་བཤམས་སྟོན་ཁང་ཆུང་ཆུང་ཞིག་རེད་བསམ་གྱི་འདུག དངོས་རིགས་དེ་དག་ཉར་ཚག་དང་ཚོང་གཉེར་བྱེད་ཐབས་སོགས་ཀྱི་ཐད་ཁོང་གི་གསུངས་པར། འདི་གར་རྒྱལ་ཕྱི་རྒྱལ་ནང་གི་སྐུ་མགྲོན་མང་པོ་ཞིག་ཕེབས་ཀྱི་ཡོད། ཡིན་ནའང་མི་རིགས་ཀྱི་དངོས་པོ་དེ་དག་ཚོང་གཉེར་བྱ་རྒྱུ་དེ་ངའི་དམིགས་ཡུལ་མ་ཡིན། ངས་དངོས་པོ་འདི་དག་འདི་གར་བསྒྲིགས་ནས་སྐུ་མགྲོན་མང་པོར་ང་ཚོའི་མི་རིགས་འདིའི་ཁྱད་དུ་འཕགས་པའི་རིག་གནས་དྲིལ་བསྒྲགས་བྱེད་པའི་ཆེད་དུ་ཡིན། མ་གཞི་ང་རང་གི་ཚོང་ཁང་གཞི་རྒྱ་ཆུང་བ་དང་མི་རིགས་ཀྱི་དངོས་པོ་ཆ་ཚང་བ་ཞིག་མ་ཡིན་རུང་ངས་ང་རང་བོད་རིགས་ཀྱི་རྗེས་རབས་པ་ཞིག་ཡིན་པའི་ཆ་ནས་རང་མིའི་རིགས་འདིའི་ཆེད་དུ་ལས་ཀ་ཕྲན་ཙམ་བྱ་རྒྱུ་དེ་ང་ཚོ་ཚང་མའི་འོས་འགན་ཞིག་རེད་བསམས་ཀྱི་འདུག་ཞེས་གསུངས་བྱུང་། ཁོང་ནམ་རྒྱུན་གྱི་འཚོ་བའི་ནང་ལོ་ན་ཆུང་ཡང་ཚོང་ལས་སོགས་ལས་དོན་ཅི་རིགས་ཐད་གཞུང་དྲང་བས་ད་བར་གྲུབ་འབྲས་ཡང་མི་དམན་པ་ཞིག་ཐོབ་ཡོད་པ་མ་ཟད་ཁོང་གིས་དྲང་བདེན་གྱི་མི་ཞིག་བྱ་རྒྱུ་ནི་མི་ཞིག་གིས་ནམ་ཡང་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད་གསུང་གི་འདུག འདས་ཟིན་པའི་ལོ་ངོ་འདི་དག་ནང་ཁོང་གི་ཡ་རབས་དང་གུས་ཞབས། སེམས་བཟང་གི་བསམ་པ་རྒྱུན་འཁྱོངས་གནང་ནས་ཚོང་གཉེར་གྱི་ལམ་བུའམ་མི་ཚེའི་ལམ་བུ་ཅི་རིགས་ཐད་སྐྱེ་བོ་གཞན་དང་འགལ་ཟླ་དང་བློ་སེམས་མི་མཐུན་པའི་བྱ་བ་གང་ཡང་གནང་མེད་པས་ཚོང་གཉེར་གྱི་ཕྱག་ལས་གནང་མཁན་ཞིག་གི་ངོས་ནས་བརྗོད་ན་དངོས་གནས་ང་ཚོས་མིག་དཔེར་འཛིན་དགོས་པ་ཞིག་རེད། མ་འོངས་པའི་ལས་དོན་ཐད་ཁོང་གི་གསུངས་པར། ད་ལྟ་མ་དངུལ་ཁྲི་ཕྲག་མང་པོ་ཡོད་པ་དང་ལྷ་སར་ས་ཆ་ཡང་མི་ཉུང་བ་ཞིག་ཡོད། ངས་མ་འོངས་པར་དེ་དག་ཐག་གཅོད་ལེགས་པོ་བྱས་ཏེ་སྤྱི་ཚོགས་ཁྲོད་རང་ནུས་གང་ལེགས་ཀྱིས་དམངས་ལ་ཕན་པའི་བྱ་གཞག་གང་མང་བསྒྲུབ་པའི་འཆར་གཞི་ཡོད་ཅེས་གསུངས་བྱུང་ལ། ང་ཚོས་ཁོང་ལྟར་དུས་རྟག་ཏུ་རང་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་དང་དར་སྤེལ་བྱས་ནས་གཞན་ལ་འཁོན་འཛིན་དང་ཕྲག་དོག ཞེ་སྡང་སོགས་ཀྱི་སྲོལ་ངན་དོར་ནས་བྱ་བ་གང་ཞིག་གཉེར་རུང་དྲང་བདེན་གྱི་ལ་རྒྱ་སྲུང་རྒྱུ་དང་རང་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་གང་ལེགས་བྱ་རྒྱུ་དེ་ང་ཚོ་ཕྱི་རབས་པ་རྣམས་ཀྱི་ལྡོག་ཏུ་མེད་པའི་འགན་འཁྲི་ཞིག་རེད།

  ཕུ་རྡོ་ཁ་ལགས་ཀྱིས་ཉར་ཚགས་གནང་བའི་བོད་ལུགས་ཀྱི་རྩམ་སྣོད་དང་ཇ་སྣོད། དྲིལ་བུ།