བོང་སྟག་སངས་རྒྱས་དོན་གྲུབ་ཀྱི་བསྒྱུར་དེབ་འགྲེམ་སྤེལ་མཛད་སྒོ་ཐེམ་ཆེན་དུ་བསྡུས།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-13 15:45:40      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        

        ཟླ༦པའི་ཚེས༨ཉིན་གྱི་ཕྱི་དྲོར། ཕ་ཡུལ་ཐེམ་ཆེན་གྱི་ཡིན་པའི་བོད་ཀྱི་ན་གཞོན་ཤེས་ཡོན་པ་སངས་རྒྱས་དོན་གྲུབ་ཀྱི་བསྒྱུར་དེབ<<བློ་འབྱེད་ཐབས་ཚུལ་མན་ངག>>གི་མཛད་སྒོའི་ཚོགས་འདུ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་བསྡུས། མཛད་སྒོའི་སྟེང་སློབ་གྲྭ་དེ་གའི་སློབ་གཙོ་དཔུང་ཧྲིན་དང་སློབ་གཙོ་ཐུབ་བསྟན་ཚེ་རིང་། སློབ་གཙོ་གཞོན་པ་དགྲ་ལྷ་རྒྱལ་གཙོ་བྱས་པའི་དགེ་སློབ་དང་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་སྐུ་ཞབས་ཀུན་གྲགས། ན་གཞོན་རྩོམ་པ་པོ་མོག་བུ་ཡེ་ཤེས་སྐྱབས། བུད་མེད་རྩོམ་པ་པོ་ཁ་བ་ལྷ་མོ། ཁུལ་བརྙན་འཕྲིན་ཁང་གི་འགོ་འཛིན་པ་སྐུ་ཞབས་ཀླུ་འབུམ་ཚེ་རིང་། ན་གཞོན་བརྙན་ལེན་པ་ཟུར་ཚང་དབང་གྲགས། ན་གཞོན་སྐད་སྒྱུར་བ་གངས་བུ་སྒྲོལ་ལོག་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་ཤེས་ཡོན་པ་དང་ཁེ་ལས་པ་བསྡོམས་པའི་མི་སྣ༡༠༠ལྷག་ཞུགས་པ་རེད།

        

        ཚོགས་ཞུགས་འགོ་ཁྲིད་རྣམ་པ།

        མཛད་སྒོའི་ལས་རིམ་བརྒྱད་དུ་དབྱེ་ནས་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་སློབ་གཙོ་གཞོན་པ་རྒན་དོན་གྲུབ་ཚེ་རིང་གི་འགོ་འཛིན་བྱས། ལས་རིམ་གཅིག་ནི་ཚོགས་འདིར་ཕེབས་པའི་སྐུ་མགྲོན་མཚམས་སྦྱོར་བྱེད་པ། གཉིས་ནི་མདོ་འཛིན་པས་ཚོགས་འདུའི་དམིགས་ཡུལ་དང་བརྗོད་དོན་ངོ་སྤྲོད་བྱེད་པ། གསུམ་ནི་མདོ་འཛིན་པས་ལོ་ཙྭ་བ་མཚམས་སྦྱོར་དང་སྦྲགས་དཔེ་དེབ་འགྲེམ་སྤེལ་དབུ་ཕྱེས་ཏེ་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་བཏགས་འབུལ་བ། བཞི་ནི་ལོ་ཙྭ་བས་དཔེ་དེབ་དང་འཕྲོས་ནས་གཏམ་བཤད་པ། ལྔ་ནི་སྐུ་མགྲོན་དག་གིས་སྨོན་ཚིག་དང་རང་ཉིད་ཀྱི་དྲན་ཚུལ་བཤད་པ། དྲུག་ནི་དྲྭ་བརྙན་ལས་ཁུངས་ཀྱི་མི་སྣ་དང་ཚོགས་ཞུགས་མི་སྣས་དྲི་བ་འདོན་པ། བདུན་ནི་བོད་ཡིག་དགེ་རྒན་རྣམས་དང་སློབ་མ་སྐོར་ཞིག་གིས་དཔེ་ཆ་བླུ་བ། བརྒྱད་ནི་མཇུག་བསྡུ་བ་དང་མཉམ་པར་ལེན་པ་བཅས་རེད།

        

      ལོ་ཙྭ་བ་སངས་རྒྱས་དོན་གྲུབ་ཉིད།

        མཛད་སྒོའི་ཚོགས་འདུའི་སྟེང་དུ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་སྐུ་ཞབས་སངས་རྒྱས་དོན་གྲུབ་ལ་རྟེན་འབྲེལ་གྱི་ཁ་གཡང་དང་བཅས་རང་ཉིད་ཀྱི་ལྟ་ཚུལ་དག་ལྷུག་པོར་བརྗོད་ལ་བསྒྱུར་དེབ་ཀྱི་ལོ་ཙྭ་བ་སངས་རྒྱས་དོན་གྲུབ་ཀྱི་བརྩོན་སེམས་དང་སྙིང་རུས་ལ་གདེང་འཇོག་ཚད་མཐོན་པོ་ཐོབ་པ་མ་ཟད་སྤོབས་པ་དང་སྡུག་རུས་ལ་ཡི་རངས་བྱས། ད་དུང་ཚོགས་འདུ་ལས་སྐུ་ཞབས་སངས་རྒྱས་དོན་གྲུབ་ཀྱི་བསྒྱུར་དེབ<<བློ་འབྱེད་ཐབས་ལམ་མན་ངག>>གི་སློབ་གསོའི་རིན་ཐང་དང་འཇིག་རྟེན་ལྟ་ཚུལ་རིན་ཐང་། བློ་འབྱེད་ཀྱི་མན་ངག་སོགས་རིན་ཐང་མི་དམན་པ་ཡོད་པར་དཔྱད་འཇོག་བྱས་ལ། རྗེས་མར་སྐུ་ཞབས་སངས་རྒྱས་དོན་གྲུབ་ཀྱིས་མུ་མཐུད་དུ་འབད་པ་ཧུར་ཐག་གིས་བརྩམས་ཆོས་མང་པོ་ཞིག་སྤྱི་ཚོགས་ལ་འགྲེམ་པར་རེ་བ་བཤད།

        

        ན་གཞོན་པའི་སྡེ།


      དགེ་སློབ་པའི་སྡེ།

      ཚོགས་རའི་ཟུར་ཞིག


      ཚོགས་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར།

        གསར་འགོད་པ། གཅོད་པ་ཐར།