མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་རྣམ་གྲངས་སོ་སོའི་གྲ་སྒྲིག་བྱ་བ་ལེགས་འགྲུབ་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-19 10:22:03      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས17ཉིན་བར་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་རྣམ་གྲངས་སོ་སོའི་གྲ་སྒྲིག་བྱ་བ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱས། ཚེས17ཉིན་གྱི་དུས་ཚོད16དང་སྐར་མ30སྟེང་དྲྭ་ཐོག་ནས་མིང་ཐོག་བཀོད་ཟིན་པའི་ཚོགས་ཞུགས་པ་མི13740ཡོད་ལ།ན་ནིང་དང་བསྡུར་ན་མི1160གྱིས་ཇེ་མང་ལ་སོང་འདུག དེའི་ཁྲོད་ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར31དང་ཀྲུང་དབྱང་གི་ཁེ་ལས་པ11། ཚོང་བའི་འཐུས་མི་ཚོགས་པ74། གོ་ལ་ཧྲིལ་བོའི་རྒྱལ་ཁབ21དང་ས་ཁུལ་ཚོང་དོན་འཐུས་ཚབ་ཚོགས་པའི་མི9535ཡོད་པས་འགྲེམས་ཚོགས་སྟེང་ཞུགས་པའི་ཁེ་ལས་པ3905ལ་སླེབས་ཡོད་པ་རེད། འདི་ནི་མཚོ་སྔོན་ཞིང་ཆེན་ཁྱོན་ཡོངས་ནས་སྒོ་འབྱེད་ཀྱི་ཕྱོགས་སུ་བསྐྱོད་པའི་འཕེལ་རྒྱས་ཀྱི་ཐོལ་བརྒལ་གསར་བ་ཞིག་ཡིན་པ་མཚོན།

        རང་ཞིང་གིས་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་གྲ་སྒྲིག་བྱ་བ་མགོ་བརྩམས་པ་ནས་བཟུང་། ས་ཁུལ་སོ་སོའི་ལས་ཁུངས་དང་སྡེ་ཁག་སོ་སོས་ཚད་མཐོའི་གདེངས་འཇོག་དང་གཞོགས་འདེགས་དམ་ཟབ། དོན་འཁྱོལ་དམ་འཛིན་བྱས། ཟླ5བའི་ཟླ་མཇུག་བར་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅུ་བདུན་པའི་མི་རྟགས་བཀོད་པའི་རྣམ་གྲངས448ཀྱི་མ་དངུལ་སྒོར་དུང་ཕྱུར607.7དོན་འཁྱོལ་བྱས་ཏེ། རྣམ་གྲངས་ཀྱི་ལེགས་འགྲུབ་ཚད97%སླེབས་ཡོད་ལ་མགོ་རྩོམ་ཚད76%སླེབས་ཡོད།

        སྣེ་ལེན་ཞབས་ཞུའི་བྱ་བ་དེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བའི་ལས་འགན་གལ་ཆེན་ཞིག་ཡིན་པའི་ཆ་ནས་ད་སྔར་རྣམ་གྲངས་སོ་སོའི་སྣེ་ལེན་གྱི་གྲ་སྒྲིག་བྱ་བ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱས། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཚོགས་ཞུགས་མི་གྲངས་ཚང་མ་དོན་འཁྱོལ་བྱས་ཡོད། འབྲེལ་ཡོད་རྒྱལ་ཁབ་པུའུ་ཨུ་ཡི་འབྲེལ་ཡོད་འགོ་ཁྲིད་ལས་གཞན་ད་རུང་ཧྲང་ཧེ་དང་ཐིན་ཅིན། ཀྲུའུ་ཅང་། ཧྲན་ཞིས་སོགས་ཞིང་ཆེན་རིམ་པའི་འགོ་ཁྲིད་སྐུ་མགྲོན་དང་ཚོང་བ་གདན་འདྲེན་བྱས་པ་མ་ཟད། ཨ་རུ་དང་འཇར་མན། ཁོ་རེ་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་དོན་འཐུས་མི། ཀྲུང་དབྱང་ཁེ་ལས་དང་མི་གྲགས་ཅན་གྱི་དམངས་གཉེར་ཁེ་ལས་ཀྱི་དོ་དམ་པ་མཐོ་ཤོས་སོགས་གདན་འདྲེན་བྱས་ཏེ་སྐུ་མགྲོན་གདན་ཞུའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས།

        ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱི་སྨི་རྒྱ་དཔང་གྲུ་བཞི་མ་ཁྲི5ཅན་གྱི་ཁང་བའི་ནང་གི་འགྲེམས་སྟོན་བྱེད་ཡུལ་དེ་ཟླ6པའི་ཚེས8ཉིན་ནས་བཟུང་གྲ་སྒྲིག་བྱ་བ་མགོ་བརྩམས་པ་ཡིན་ལ། ལས་བཟོ་རྣམས་ཀྱིས་ལས་སྣོན་དང་དུས་ཚོད་དམ་འཛིན་གྱིས་ལས་ཀ་ལག་བསྟར་བྱས་རྗེས་ཚེས18ཉིན་འགྲེམས་སྟོན་བཀོད་སྒྲིག་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ་ཚེས19ལ་བདེ་འཇགས་ཞིབ་བཤེར་བྱ་བ་མགོ་བརྩམས། འགྲེམས་སྟོན་བྱེད་ཡུལ་དུ་ས་ཁོངས་མཉམ་ལས་ཁང་དང་ས་ཁུལ་ཐོན་ལས་ཁང་། ཁྱད་ལྡན་ཆེན་དོན་ཁང་། ཁེ་ལས་པའི་བརྗེ་རེས་ཁང་དང་ཚོང་ཟོག་ཉོ་ཚོང་ཁང་སོགས་ཀྱང་འདུ། བསྡོམས་པས་ཁྱད་ལྡན་འགྲེམས་ཁུལ54དང་ཉོ་ཚོང་བྱེད་གནས400ཡོད་པ་རེད།

        དེ་དང་མཉམ་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་《ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་དྲིལ་སྒྲོག་བྱ་བའི་ཇུས་གཞི》གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། དྲིལ་བསྒྲག་བྱ་བ་ཁྱོན་ཡོངས་ནས་བཀོད་སྒྲིག་དང་འགྲེམས་ཚོགས་ཀྱི་ཁོར་ཡུག་མུ་མཐུད་ཇེ་དྲག་ཏུ་བཏང་།

      ལོ་ཙཱ་བ།ལྷ་ཆེན་རྒྱལ།