ཝང་ཡུས་ཡན་གྱིས་རྨ་ལྷོ་ཁུལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་བར་རྟོག་ཞིབ་བྱས་པ།

        ཟླ་དྲུག་པའི་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན་གཉིས་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཡུས་ཡན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་དང་ཐུན་རིན་རྫོང་གཉིས་ལ་སོང་སྟེ་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བར་རྟོག་ཞིབ་བྱས།

        ཝང་ཡུས་ཡན་སྔ་གཞུག་ཏུ་གཅན་ཚ་རྫོང་མི་དམངས་སྨན་ཁང་དང་ཁམས་ར་གྲོང་བརྡལ། ཐུན་རིན་རྫོང་རོང་བོ་གྲོང་བརྡལ་སོགས་ལ་སོང་སྟེ་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་དང་རིག་གནས་ཐོན་ལས་བཅོས་སྒྱུར། གནས་སྐོར་ཡུལ་ལྗོངས། དགོན་པའི་དོ་དམ་སོགས་ཀྱི་བཅོས་སྒྱུར་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བཅོས་སྒྱུར་བསམ་ཕྱོགས་ལ་མཉམ་གྲོས་བྱས།

        ཝང་ཡུས་ཡན་གྱི་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དངོས་འབེབས་བྱེད་པ་གོ་སྐབས་སུ་བཟུང་སྟེ། གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ལ། ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་ཟབ་སྤེལ་བྱས་ནས་བཅོས་སྒྱུར་ལས་གྲུབ་འབྲས་དངོས་ཐོབ་པར་ཡིད་འཇོག་བྱེད་དགོས། གསར་སྐྲུན་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་མི་རིགས་རིག་གནས་དང་ཁྱད་ཆོས་ལྡན་པའི་གནས་སྐོར་སོགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་བཅོས་སྒྱུར་སྣ་ཚོགས་ལག་བསྟར་བྱེད་དགོས། བཅོས་སྒྱུར་ཁྲོད་ནས་ཐབས་ལམ་བཙལ་བ་དང་གསར་སྐྲུན་ཁྲོད་ནས་དཀད་གནད་ཁྱད་བསལ་བྱས་ཏེ། བཅོས་སྒྱུར་གྱི་གྲུབ་འབྲས་དེ་སྔར་ལས་མང་པོའི་མང་ཚོགས་ལ་ལོངས་སྤྱོད་བྱེད་དུ་འཇུག་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་བཟང་བོ་བསྒྲུབ་དགོས་ཟེར།