རང་ཞིང་གི་དབང་པོ་སྐྱོན་ཅན་གྱིས་ཡུལ་སྐོར་ལ་ཞབས་ཞུ་བྱེད་པའི་རྣམ་གྲངས་སྤྱོད་འགོ་ཚུགས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-19 11:35:45      རྩོམ་སྒྲིག་པ། : ཡེ་ཤེས །

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟི་ལིང་ནི་གནའ་སྔ་མོ་ནས་བོད་དུ་བསྐྱོད་པའི་འགྲིམ་འགྲུལ་གྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པས། མཚོ་བོད་མཐོ་སྒང་དུ་འགྲོ་ན་ངེས་པར་དུ་ཟི་ལིང་ནས་ཞག་སྡོད་བྱ་དགོས་པ་རེད། ཉེ་སྔོན། རང་ཞིང་གི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་ཡུལ་སྐོར་རྣམ་གྲངས་ཏེ་ཟི་ལིང་སྦྲ་གུར་ཚོ་བ་གླིང་ཞེས་བཙུགས་པ་དང་། དེའི་རང་ཞིང་གིས་སྤྱི་ཕན་རང་བཞིན་གྱི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་རྣམ་གྲངས་ཡང་བསྐྱར་སྤྱོད་འགོ་ཚུགས་པ་མཚོན་ཡོད་ལ། དབང་པོ་སྐྱོན་ཅན་གྱིས་སྒར་སའི་སྔོ་ཚོད་བཏོག་པའི་རྟེན་གཞི་དང་གསོ་སྤེལ་རྟེན་གཞིའི་སྦྲེལ་མཐུད་བརྒྱུད་ནས་ལས་ཞུགས་ཐུབ་པ་རེད།

        འདི་ནི་མཚོ་སྔོན་ཡུལ་སྐོར་སྤྲོ་འཆམ་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ཟི་ལིང་གྲོང་ཁྱེར་ལྟེ་གནས་དང་སྤྱི་ལེ་15ཙམ་གྱི་བར་ཐག་ཡོད། སྦྲ་གུར་ཚོ་བ་གླིང་དུ་སོང་ན་འཇའ་ཚོན་སྣ་ལྔའི་དར་ལྕོག་ལྷབ་ལྷུབ་ཏུ་བསྐྱོད་ཅིང་། བོད་ལུགས་རས་གུར་བཅུ་ལྷག་ཡོད་པ་དེ་མི་རྣམས་ཀྱི་མིག་དབང་འཕྲོག་པ་རེད། ཁུལ་ནང་དུ་མཚོ་བོད་ཀྱི་ཁྱད་ལྡན་བཟའ་བཏུང་དང་མི་རིགས་གླུ་གར་འཁྲབ་སྟོན། ཞག་སྡོད་དང་རོལ་རྩེད་སོགས་ཆ་ཚང་འདུས་ཡོད་ཅིང་། གྲོང་མིས་ཆང་ཅི་དགར་འཐུང་ཆོག་པ་མ་ཟད་ལུག་ཤ་དང་སྐམ་ནོར་ཤ་སོགས་ཟས་མངར་མོ་ཟས་ཆོག་པ་དང་། བོད་ཀྱི་ཞབས་བྲོ་འཁྲབ་སྟོན་ལ་ཡང་བལྟས་ཆོག ད་དུང་ས་མཐོའི་ཁྱད་ལྡན་སྔོ་ཚོད་སོགས་བཏོག་པའི་སྤྲོ་སྣང་མྱོང་རོལ་བྱེད་ཐུབ་པ་རེད།

        སྦྲ་གུར་ཚོ་བ་གླིང་གིས་དབང་པོ་སྐྱོན་ཅན་དག་ཞབས་ཞུ་བ་བྱེད་དུ་བཅུག་ལ། དེའི་དབང་པོ་སྐྱོན་ཅན་དག་གི་ལས་ཞུགས་ཀྱི་གནད་དོན་ཐག་བཅད་པ་དང་། མཚོ་སྔོན་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།

        སྦྲ་གུར་ཚོ་བ་གླིང་གི་དབང་པོ་སྐྱོན་ཅན་ཟབ་སྦྱོང་རྟེན་གཞིའི་འགན་འཁུར་བ་ཀྲང་ཝན་ཞིན་གྱིས་གསར་འགོད་པར་བཤད་རྒྱུར། ཚོ་བ་གླིང་ཇུས་འགོད་དང་འཛུགས་སྐྲུན་བྱེད་པའི་ཐོག་མའི་དུས་སུ་དབང་པོ་སྐྱོན་ཅན་གྱི་ཟབ་སྦྱོང་དང་ལས་ཞུགས་ལ་བསམ་གཞིགས་བཏང་ནས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་ལས་བྱས་ཏེ་ཀུན་བྱམས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གསར་གཏོད་ལ་རྨང་གཞི་འདིང་བའི་རྟེན་གཞི་འཛུགས་པ་དང་། ཚོ་བ་གླིང་གི་སྒེར་ས་རུ་འདེབས་འཛུགས་གསོ་སྤེལ་ཟབ་སྦྱོང་བྱས་པ་བརྒྱུད། ཞིབ་དཔྱད་བྱས་རྗེས་ཀྱི་དབང་པོ་སྐྱོན་ཅན་དག་ཚོ་བ་གླིང་གི་ཡུལ་སྐོར་རྟེན་གཞིའི་སྔོ་ཚོད་བཏོག་པའི་རྣམ་གྲངས་གཉེར་སྐྱོང་ནང་ཞུགས་པ་དང་། ལས་ཞུགས་བྱེད་པར་མངོན་འགྱུར་བྱས་པ་རེད།

        ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།