རང་རྒྱལ་གྱི་དཀར་ཆུའི་ལས་རིགས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-06-19 16:22:09      རྩོམ་སྒྲིག་པ། : ཡེ་ཤེས །

              མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཁང་ཀྲེན་གྱིས་དཀར་ཆུའི་ལས་རིགས་ཀྱི་ཚོགས་ཆེན་སྐབས་བརྒྱད་པའི་ཐོག་རང་རྒྱལ་གྱི་དཀར་ཆུའི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བཞིན་ཡོད་པ་དང་། གཞི་ཁྱོན་ཅན་གྱི་འབྲོག་རའི་དཀར་ཆུའི་ཞག་ཚི་དང་སྤྲི་དཀར་སོགས་ཀྱི་ཚད་གཞི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་ཤིང་། ཞོ་འོ་མ་དང་། འོ་བཟོས། བྱིས་པ་དང་དམར་འབྱར་གྱི་འོ་རྩམ་བཅས་ལ་འཐེན་བཤེར་བྱས་པར་ཚད་ལོན་ཚད་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་ལས་མཐོ་བ་ཡོད་ལ། ཁེ་ལས་མང་པོ་ཞིག་གི་ཐོན་ཟོག་རྒྱལ་སྤྱིའི་བྱ་དགའ་ཡང་ཐོབ་ཡོད་ཅེས་བཤད། “ཀྲུང་གོའི་དཀར་ཆུའི་ལས་རིགས་ལ་རྩ་བ་ནས་སྒྱུར་བཅོས་བཏང་སྟེ་ངོ་བོའི་རིམ་སྤོར་བྱུང་ཡོད”ཞེས་ཀྲུང་གོའི་དཀར་ཆུའི་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀའོ་ཧུང་པིན་གྱིས་བཤད་ཅིང་། ཁོང་གིས་རང་རྒྱལ་གྱི་དཀར་ཆུའི་ལས་རིགས་ལ་ཡར་རྒྱས་ཆེན་པོ་བྱུང་བ་སྟེ། གསོ་ཚགས་ཆུ་ཚད་ཆེས་ཆེར་མཐོ་རུ་སོང་ཡོད། 2016ལོར་རྒྱལ་ཡོངས་སུ་བཞོན་མ་གསོ་ཚགས་ར་བར་ཆ་སྙོམས་ཕྱུགས་རིགས་ལག་ཡོད་མགོ་གྲངས་75ཟིན་པ་དང་། མགོ་གྲངས་100ཡན་གྱི་གཞི་ཁྱོན་ལྡན་པའི་གསོ་ཚགས་བསྡུར་ཚད་53%ཟིན་པ། འཕྲུལ་འཁོར་གྱིས་འོ་མ་འཇོ་ཚད་100%ཟིན་ཡོད། ལྟ་སྡོམ་ཚད་ལེན་གྱི་ཆུ་ཚད་ཆེས་ཆེར་མཐོ་རུ་སོང་ཞིང་། 2016ལོར་གཏན་འགོག་གི་སྦྱོར་རྟ་མེད་པ་ཞིབ་བཤེར་ཚད་ལོན་ཚད་100%དང་། ཞོ་དང་འོ་མ་ཞིབ་བཤེར་ཚད་ལོན་ཚད་99.8%འོ་བཟོས་རྫས་ཞིབ་བཤེར་ཚད་ལོན་ཚད་99.5%བྱིས་པ་དང་དམར་འབྱར་གྱི་འོ་རྩམ་ཚད་ལོན་ཚད་98.7%བཅས་ཟིན་ཡོད། དཀར་ཆུའི་ལས་རིགས་གཅིག་སྡུད་ཐུབ་ཚད་མཐོ་རུ་སོང་ཞིང་། གཞི་ཁྱོན་ལྡན་པའི་གསོ་ཚགས་བསྡུར་ཚད་དེ་2008ལོར་20%ཡང་མི་སླེབས་པ་ནས་53%བར་མང་དུ་སོང་ནས། གཞི་ཁྱོན་ཡན་གྱི་འོ་བཟོས་ཁེ་ལས་627དང་བྱིས་པ་དང་དམར་འབྱར་གྱི་འོ་རྩམ་བཟོ་མཁན་ཁེ་ལས་103ཟིན་ཡོད་ཅེས་བཤད།