མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པ་དེ་སྐབས་སྔོན་མ་ལས་རྒྱ་ཆེ་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-19 16:22:07      རྩོམ་སྒྲིག་པ། : ཡེ་ཤེས །

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་ལག་བསྟར་ཨུ་ལྷན་གྱི་ཚོགས་འགྲེམས་པུའུ་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་ཀྱི་ཁང་བའི་ནང་གི་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5དང་། ཁྱོན་བསྡོམས་འགྲེམས་ཁུལ་54བཀོད་སྒྲིག་བྱས་ཡོད་ལ། ཚོང་ཟོག་ཚོང་དོན་འགྲེམས་གནས400ལྷག་ཡོད་པ་རེད། ཁང་པའི་ཕྱི་རོལ་གྱི་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1དང་། འགྲེམས་སྟོན་ཁུལ་16བཀོད་སྒྲིག་བྱས་ཡོད་ལ། འགྲེམས་སྟོན་ཁུལ་གྱི་གཞི་ཁྱོན་སྐབས་སྔོན་མ་ལས་བརྒལ་བ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སྐབས་བརྒྱད་པའི་ཁང་པའི་ནང་གི་འགྲེམས་སྟོན་ཁུལ་དུ་མཉམ་ལས་ཁང་དང་། ས་ཁུལ་གྱི་ཐོན་ལས་འགྲེམས་ཁང་དང་ཁྱད་ལྡན་ཆེད་དོན་ཁང་། ཁེ་ལས་བརྗེ་རེས་ཁང་དང་ཚོང་ཟོག་ཚོང་དོན་འགྲེམས་སྟོན་ཁང་བཅས་ཆེད་ལས་ཁང་5གསར་འཛུགས་བྱས་ཡོད་ལ། འགྲེམས་སྟོན་ནང་ཞུགས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར། ས་ཁུལ་དང་ཁེ་ལས་གྲགས་ཅན། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ། གླིང་ཁུལ་དང་དེ་བཞིན་ཁྱད་ལྡན་ཁེ་ལས་ཁྱོན་65ཡོད།

        དེའི་ཁྲོད་ཀྱི་ས་ཁོངས་མཉམ་ལས་ཁང་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་Aརུ་གནས་ཡོད་ལ། དེའི་ནང་ཞིང་ཆེན་དང་རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་ཁང་དང་མཚོ་སྔོན་གྱི་ཕྱོགས་བསྡུས་འགྲེམས་སྟོན་ཁང་བཅས་འགྲེམས་ཁུལ17ཡོད། འགྲེམས་སྟོན་ཁང་གིས་ལྗང་མདོག་ཐཱན་ཉུང་བའི་འཁོར་སྐྱོད་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་མཉམ་འགུལ་འཕེལ་རྒྱས་འགྲོ་བར་དམིགས་ཡུལ་དུ་བཟུང་ནས་སྐུལ་འདེད་གཏོང་བ་དང་། ཐོན་རྫས་གསར་བ་དང་ལག་རྩལ་གསར་བ། ཞབས་ཞུ་གསར་བ་དང་ལས་རིགས་གསར་བ་སོགས་གཙོ་གནད་དུ་བཟུང་ནས་བཀྲམ་པ་རེད། ལྷག་པར་དུ་མཚོ་སྔོན་གྱི་ཕྱོགས་བསྡུས་འགྲེམས་སྟོན་ཁང་གིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་བསྒྱུར་བ་བཞིའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཙོ་གནད་དུ་བཟུང་ནས་སྣོད་བཅུད་སྲུང་སྐྱོང་དང་ལྗང་མདོག་ཐོན་ལས་མ་ལག རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཕྱོགས་བཞི་ནས་འགྲེམས་སྟོན་བྱས་པ་རེད།

        ས་ཁུལ་གྱི་ཐོན་ལས་འགྲེམས་སྟོན་ཁང་དེ་འགྲེམས་སྟོན་ཁང་Aདང་འགྲེམས་སྟོན་ཁང་Bརུ་བཙུགས་ཡོད་པ་དང་། ཐོན་ལས་མངོན་གསལ་དང་གྲོང་ཁྱེར་མཉམ་བསྲེས་ཀྱི་འདུ་ཤེས་འགྲེམས་སྟོན་བྱས་ཏེ་ཟི་ལིང་གྲོང་ཁྱེར་དང་ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ། མཚོ་ཤར་གྲོང་ཁྱེར་དང་མཚོ་ཤར་བཟོ་ལས་གླིང་ཁུལ་སོགས་ཟུང་འབྲེལ་བྱས་ཏེ་ཐུན་མོང་ཐོག་འགྲེམས་སྟོན་བྱས་པ་རེད། དེའི་ཁྲོད་དུ། ཟི་ལིང་འགྲེམས་སྟོན་ཁུལ་གྱིས་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་འགྲེམས་སྟོན་ཁུལBཡོངས་སུ་བཟུང་ཡོད་པ་དང་། འགྲེམས་སྟོན་རྒྱ་ཁྱོན་སྨི་གྲུ་བཞི་མ4600ཟིན་པ་རེད། འགྲེམས་སྟོན་ཁངCཡི་ཁྱད་ལྡན་ཆེད་དོན་འགྲེམས་སྟོན་ཁང་དུ་རིག་གནས་ལུས་རྩལ་དང་ས་མཐོའི་ཡུལ་སྐོར། ས་མཐོའི་སྐྱེ་ཁམས་ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་ཀྱི་དམིགས་བསལ་འགྲེམས་སྟོན་བྱེད་ས་བཙུགས་ཡོད་ཅིང་། དེས་མཚོ་སྔོན་གྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་འབུར་ཐོན་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་ཆེར་གཏང་བར་བརྩོན་ལེན་བྱས་པ་རེད།

        ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།