ཨ་ཆེན་གངས་རྒྱབ་དུ་གཙོད་ལྐོག་རྔོན་བྱེད་པའི་གྱོད་གཞི་བསྟུད་མར་ལོ8ལ་མ་བྱུང་།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-27 10:09:13      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        “ཨ་ཆེན་གངས་རྒྱབ་དུ་གཙོད་ལྐོག་རྔོན་བྱེད་པའི་གྱོད་གཞི་བསྟུད་མར་ལོ8ལ་མ་བྱུང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་སྲུང་སྐྱོབ་ཀྱི་ཤུགས་ཚད་ཇེ་ཆེར་སོང་བ་དང་བསྟུན་ནས་ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་གྲངས་ཀ་རིམ་བཞིན་ཇེ་མང་ལ་སོང་སྟེ། ད་སྔར་གཙོད་ཀྱི་གྲངས་ཀ་ཁྲི6ལ་སླེབས་འདུག ལྷག་པར་ཏུ་ཟླ་དྲུག་པའི་དུས་ཚིགས་སྐབས་སུ་གཙོད་ཁྱུ་དང་ཁྱུ་བྱས་ནས་མཚོ་ཁར་གཙོད་ཕྲུག་བཙའ་རུ་འགྲོ་བའི་སྣང་ཚུལ་མཐོང་ཐུབ། ” ཉེ་སྔོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཏང་ཨུའི་ཧྲུའུ་ཅི་བོད་ཆུང་གིས་བཤད་རྒྱུར།

        ཟླ་དྲུག་པའི་སྐབས་སུ་ཨ་ཆེན་གངས་རྒྱབ་དུ་རྩྭ་ལྗང་གི་སྐྱེས་སྟོབས་ཀྱི་དཔལ་འབར་བའི་དུས་ཤིག་ཡིན། ལམ་ཁྲིད་པས་གསར་འགོད་པར་བཤད་རྒྱུར། དུས་ཚིགས་འདིར་གཙོད་ཚང་མ་མཚོ་ཁར་གཙོད་ཕྲུག་བཙའ་རུ་བུད་སོང་བས། དེ་རིང་གཙོད་མཐོང་ཐུབ་མིན་དེ་ང་ཚོའི་ལས་ལ་ཐུག་ཡོད་ཟེར། རླངས་འཁོར་ནང་དུ་ཁུ་ནུ་རི་བོ་བརྒྱུད་ནས་དུས་ཚོད་ཕྱེད་ཙམ་སོང་བ་ན། ཐག་མི་རིང་བའི་རི་སྒང་ཞིག་དུ་གཙོད་བཞི་ཡིས་གཟན་རྩྭ་ཟ་བཞིན་འདུག གསར་འགོད་པ་ཞིག་དེ་མ་ཐག་དུ་རླངས་འཁོར་ལས་བབས་ཏེ་འཇབ་འཇབ་ཀྱིས་པར་ལེན་དུ་སོང་། དེའི་སྐབས་སུ་རི་དྭགས་གཙོད་བྲོས་བྱོལ་མ་བྱས་པར་སྔར་བཞིན་མགོ་སྒུར་ནས་གཟན་རྩྭ་ལ་རོལ།

        ལོ་མང་པོའི་རིང་ལ་མཚོ་བོད་གཞུང་ལམ་ནས་བརྒྱུགས་མྱོང་བའི་སྐྱེལ་འདྲེན་རླངས་འཁོར་ཁ་ལོ་བ་མཱ་ཅིས་ཨིན་གྱིས་གསར་འགོད་པར་བཤད་རྒྱུར། གནའ་དེང་མ་གཙོད་ཀྱིས་རྒྱང་རིང་ནས་མི་དང་རླངས་འཁོར་རིག་ན་བྲོས་འགྲོ་ལ་ད་ལྟ་མི་དང་བར་ཐག་ཇེ་ཉེ་ལ་སོང་ཡོད། ལྷག་པར་དུ་རི་དྭགས་གཙོད་གནས་སྤོ་སྐབས་སུ་ཁྱུ་དང་ཁྱུ་ཞེས་ནས་མཐོང་ཐུབ་ཟེར།

        ཨ་ཆེན་གངས་རྒྱབ་ཀྱི་རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚུགས་ནས་ལས་ཀ་གཉེར་བཞིན་པའི་སོག་པོའི་གསར་བུ་པཱ་ཡེ་ཨར་གྱིས་བཤད་རྒྱུར། མི་མང་པོ་ཞིག་གིས་ཧུར་བརྩོན་བྱས་པ་བརྒྱུད། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་གྲངས་ཀ་སླར་གསོ་བྱུང་ཡོད་པ་མངོན་གསལ་གྱིས་མཐོང་ཐུབ། 2013ལོའི་དབྱར་ཁར་སྲུང་སྐྱོབ་ས་ཚུགས་ཀྱིས་རྨས་སྐྱོན་ཕོག་པའི་གཙོད་ཞིག་བསྐྱེལ་མ་བྱས་རྗེས་ད་བར་དུ་གཙོད་གཅིག་ཀྱང་སྐྱོབ་མ་མྱོང་ཟེར།

        ས་ཁུལ་བརྒལ་ནས་རི་དྭགས་རྔོན་པའི་གྱོད་གཞི་བྱུང་བར་འགོག་སྲུང་བྱ་ཆེད། 2009ལོའི་ཟླ9བ་ནས་བཟུང་ཤིན་ཅིང་ཨར་ཅིན་རི་བོ་དང་དབུས་གཙང་གི་བྱང་ཐང་། མཚོ་སྔོན་ཨ་ཆེན་གངས་རྒྱབ་བཅས་རང་བྱུང་སྲུང་སྐྱོབ་ས་ཁུལ་གསུམ་གྱིས་མཉམ་འགོག་མཐུན་སྒྲུབ་ཀྱི་གྲོས་གཞི་བཞག་ནས། ཁྲིམས་འཛིན་ས་ཁོངས་ཀྱི་དབྱེ་མཚམས་གཏོར་ཏེ་ཁྲིམས་འགལ་གྱིས་གཙོད་ལྐོག་རྔོན་བྱེད་པ་མེད་པར་བཟོས་ནས་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱས། རྩ་ཁྲིམས་ལག་བསྟར་དང་ཚད་མཐོའི་གླེང་ཕྱོགས་འོག 2009ལོ་ནས་ད་བར་དུ། ཨ་ཆེན་གངས་རྒྱབ་དུ་གཙོད་ལྐོག་རྔོན་བྱེད་པའི་གྱོད་གཞི་ཐེངས་གཅིག་ལ་ཡང་བྱུང་མ་མྱོང་ཟེར།

      ལོ་ཙཱ་བ། ལྷ་ཆེན་རྒྱལ།