ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། བཞི་བ།

      ཡོང་ཁུངས། : བདེན་འཚོལ་རྩོམ་སྒྲིག་ཁང་།      སྤེལ་དུས། : 2017-06-28 16:53:11      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

        ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། བཞི་བ།

        ལིག་ཞའེ་ཅོན།

        ཟླ8པའི་ཚེས26ཉིན། ངས་འུ་ཚོའི་ཡན་ཨན་གྱི་ལམ་དུ་མི36གསོན་པོར་མེར་ཚིགས་པ་དེ་ཤེས་པས་སྐབས་དེར་ང་ལ་མིག་ཆུ་བཞུར་བ་མ་ཟད། དགོང་མོ་ཞག་གང་བོར་གཉིད་མ་ཐུབ་པས་སྐབས་དེར་ང་རང་ཡུལ་དངོས་དེ་རུ་ཡོད་རྒྱུས་ན་ཅི་མ་རུང་སྙམ་ནས། ངའི་སེམས་སུ1991ལོར་བྱུང་བའི་དོན་དག་ཅིག་དྲན་བྱུང་། 1989ལོར་ང་རང་ལས་འཁྱུར་ངལ་གསོ་བྱས་ཞིང་། ལས་འཁྱུར་ངལ་གསོ་བྱས་རྗེས་ང་ལ་ལས་རྒྱུ་ཅི་ཡང་མེད་པས་ངས་འཕྲུལ་རྟ་ཞིག་ཉོས་ནས་དེ་ཞོན་ཏེ་གཙང་འགྲམ་དང་རང་ཉིད་དགོས་མཁོ་ཡོད་པའི་ས་ཁུལ་དག་ལ་སོང་བ་ཡིན། 1991ལོར་ང་རང་གནམ་བདེ་སྒོ་མོ་ཆེའི་བྱང་རྒྱུད་ཀྱི་གཙང་འགྲམ་དུ་སོང་ཞིང་། དེ་རུ་ནམ་རྒྱུན་ཆུ་ནང་ལ་མི་ལྷུང་བཞིན་ཡོད་པར་བཤད། ངས་འཕྲུལ་རྟ་ཞོན་ནས་སོང་སྟེ་དེ་རུ་ཆུ་རྐྱལ་བྱེད་མཁན་འདྲ་ཡོད་མེད་ལ་བལྟས་པ་ཡིན། གལ་ཏེ་ཆུར་རྐྱལ་མཁན་འདྲ་ཡོད་ན་ངས་ངས་མངགས་གཏོང་ཁང་ལ་ཁ་པར་གཏོང་བའམ་ཡང་ན་ཆུ་བེད་དོ་དམ་ལས་ཁུངས་ལ་ཁ་པར་བཏང་ནས་ཁོ་ཚོར་བཀག་འགོག་བྱེད་རྩིས་ཡོད་ལ། གལ་ཏེ་ནང་ལ་ལྷུང་སོང་ན་ཡང་ང་སོང་ནས་ཡར་བླངས་ཆོག་པར་འདོད། ཉིན་དེར་འཕྲུལ་རྟ་ཞོན་ནས་འགྲོ་སྐབས་གློ་བུར་དུ་རླངས་འཁོར་ཞིག་ཚུར་ཐོན་བྱུང་ལ། ནང་ན་བྱིས་པ་ཞིག་གིས་གླུ་དབྱངས་སྙན་མོ་ཞིག་ལེན་བཞིན་ཡོད། ངས་ཅིག་བལྟས་དུས་མ་གཞི་ཡུལ་སྐོར་ལ་འགྲོ་བཞིན་པའི་བྱིས་པ་དག་ཡིན་ལ། ཟླ5པའི་ཟླ་མཇུག་ཡིན་པས་རང་ཉིད་གླུ་སྐད་དེས་བཟི་རུ་བཅུག་བྱུང་། ཡིན་ན་ཡང་རྒྱབ་ཕྱོགས་སུ་མེ་འབར་བཞིན་འདུག རླངས་འཁོར་གྱི་རྒྱབ་ཕྱོགས་སུ་མེ་འབར་བཞིན་ཡོད་པས་ངས་སྡོད་སྡོད་ཞེས་སྐད་བརྒྱབ་ན་ཡང་རླངས་འཁོར་བྱ་འཕུར་བ་ལྟར་མདུན་ལ་རྒྱུགས་སོང་། ངས་མྱུར་དུ་འཕྲུལ་རྟའི་ཁ་ཕྱིར་བསྐོར་ནས་སྣུམ་སྒོ་ཆེས་ཆེར་ཕྱེས་ནས་ཁོ་རང་བདའ་ན་ཡང་བདའ་བདའ་མཐར་དཀྱོགས་མཚམས་ཤིག་ཏུ་ད་བཟོད་རྗེས་ཆོད་ན་ཡང་ཁོ་ད་རུང་མི་འདུག་པར་མདུན་ལ་རྒྱུགས་སོང་བས། ངས་བཤད་ནོ་མ་གོ་བས་ངས་ཁོར་ང་ལ་གདོང་ཐུག་རྒྱག་དུ་བཅུག་པས་མི་བཅུ་ལྷག་གི་མཚམས་སུ་གཡུག་པ་མ་ཟད། ཐ་ན་རླངས་འཁོར་དང་མི་ཚང་མ་ཕྱིར་གཡུག་བྱུང་། སྐབས་དེར་ངས་མེ་འབར་བྱུང་ཞེས་སྐད་བརྒྱབ་པས་ད་བཟོད་ཁ་ལོ་བ་དེ་བསྡད་བྱུང་། སྐབས་དེར་ང་ཡང་ཡར་ལངས་ཐུབ་སོང་། དགེ་རྒན་གཉིས་དང་སློབ་མ་བཞི་བཅུ་ལྔ་བཅུ་ཙམ་ཡོད་པས་གཅིག་རེ་གཅིག་རེ་བྱས་ནས་ཕྱིར་བླངས་ཤིང་། དེ་དག་བླངས་ནས་ཚར་རྗེས་རླངས་འཁོར་དེ་མེ་ལ་འབར་ནས་སྒྲོམ་གཞི་ལྟ་བུ་ཞིག་ཏུ་གྱུར་སོང་། སྒྲོམ་གཞི་ཁོ་ན་མ་གཏོགས་མེད་པས་འུ་ཚོས་བརྙན་འཕྲིན་ཁྲོད་དུ་མཐོང་མྱོང་བའི8.26གྱི་སྒྲོམ་གཞི་དེ་དང་དངོས་གནས་ཨ་ན་མ་ན་རེད། སྐབས་དེར་ང་ལ་གདོང་ཐུག་བརྒྱབ་པས་ང་སྨན་ཁང་དུ་ཟླ་ཕྱེད་ལྷག་ལ་བསྡད་པ་དང་ངའི་རྩིབས་བུ་གཉིས་བཅག་པ་མ་ཟད། ལུས་སྟེང་ལ་ཡང་རྨ་ཁ་མང་པོ་ཞིག་ཡོད་ན་ཡང་རྗེས་སུ་ང་རང་གི་སེམས་སུ་རང་ཉིད་ལ་བདེ་སྐྱིད་ལྡན་པར་འདོད། དེའི་རྒྱུ་མཚན་ཡིན་ན་བྱིས་པ་བཞི་བཅུ་ལྔ་བཅུ་ལྷག་ནི་ཁྱིམ་ཚང་བཞི་བཅུ་ལྔ་བཅུ་ཙམ་མ་ཡིན་པར་ཁོའི་ཨ་མྱེས་དང་ཨ་ཕྱི། སྤོ་བོ་དང་རྨོ་མོ་སོགས་ཇི་འདྲའི་མི་མང་པོ་ཞིག་ལ་འབྲེལ་ཡོད་དམ། གལ་ཏེ་མེ་ཡི་རྒྱ་མཚོ་འཕྱུར་བ་ན་ཚེ་སྲོག་འདི་དག་གཅིག་ཀྱང་ཡོད་མི་སྲིད་ལ། སྐབས་དེའི་སྐྱོ་གར་ནི་དངོས་གནས་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན་ངེས། གང་ལྟར་རང་ཉིད་ལ་རྨས་ཙམ་ཕོགས་ན་ཡང་དེར་རིན་ཐང་ཡོད་པར་འདོད།

        དྲང་མོར་བཤད་ན་ང་ནི་དོན་དག་ཡར་མར་གང་མང་ལ་ཁ་ཡ་བྱེད་རྒྱུར་དགའ་ཞིང་། ཆར་བ་བབས་པའི་ཉིན་ལ་ངས་འུ་ཚོའི་ས་ཁུལ་གྱི་ཆུ་མང་ས་རུ་སོང་ནས་ཡུར་ལམ་སོགས་ཁག་ཡོད་དུས་ངས་སྡོང་ལོ་དང་འགྱིག་ཤོག་སོགས་ཀྱིས་ཁ་བཅད་ཡོད་པ་དག་རེ་རེ་བཞིན་གཙང་སེལ་བྱས་ཤིང་། ཆུ་རྒྱུགས་པ་ན་རླངས་འཁོར་ལ་ཡང་ཉེན་ཁ་ཅི་ཡང་ཡོད་མི་སྲིད། ཐེངས་ཤིག་ལ་དེ་ནི2001ལོའི་སྐབས་ཡིན་ལ། སློབ་གླིང་གི་ལམ་དེ་རུ་ངས་ནམ་རྒྱུན་རླངས་འཁོར་ཡོད་པ་ཤེས་པས་ཆར་བབས་པས་ང་ཡང་སོང་བ་ཡིན། དེར་ཐོན་དུས་ཏག་ཏག་ཨ་མྱེས་རྒད་པོ་ཞིག་གིས་བསྣོལ་ཟུར་ཟམ་པའི་ཁ་འོག་ཏུ་རླངས་འཁོར་ཡར་སྒུལ་མར་སྒུལ་བྱེད་བཞིན་འདུག་ལ། མ་གཞི་རླངས་འཁོར་ཤིག་གིས་ཁོར་དྲུད་པས་དྲུད་རྗེས་རླངས་འཁོར་ཡང་བུད་སོང་བ་རེད། དེའི་འཕྲོ་ནས་ང་མྱུར་དུ་སོང་ནས་ཨ་མྱེས་ཁྱོར་ཅི་བྱས་སོང་ངམ་ཞེས་དྲིས་ན་ཡང་ཨ་མྱེས་དེས་དོན་དག་ཅི་ཞིག་བྱུང་འདུག་མ་ཤེས་པ་རེད། ངས་དུས་ཚོད་སྐར་མ20ལྷག་ལ་རླངས་འཁོར་བཀག་བཀག་མཐར་ད་བཟོད་རླངས་འཁོར་ཤིག་འགོག་ཐུབ་པར་བྱུང་བས་ངས་ཁོ་རང་སྨན་ཁང་དུ་བསྐྱལ་བ་དང་སྨན་ཁང་དུ་བསྐྱལ་རྗེས་མྱུར་སྐྱོབས་བྱེད་དགོས་ཤིང་སྙིང་ཁམས་གསོ་བྱེད་སྨན་ཁབ་རྒྱག་དགོས་པ་མ་ཟད། གནམ་ཁབ་ཡང་བརྒྱབ་པས། མཇུག་མཐར་ཨ་མྱེས་རྒད་པོ་དེ་རིམ་བཞིན་སད་བྱུང་། སད་རྗེས་ངས་ཨ་མྱེས་དེར་དོན་དག་ཅི་ཞིག་བྱུང་མིན་དྲིས་ནས་ཁོ་ཚང་གི་ཡུལ་ན་མི་སུ་ཞིག་ཡོད་མེད་དྲིས་མཐར། ཨ་མྱེས་ཡིས་མཇུག་མཐར་ང་ལ་ཁ་པར་ཨང་གྲངས་ཤིག་བཤད་བྱུང་། ལ་ལ་མི་འགྲིག་མོད། རིམ་གྱིས་བརྒྱབ་ནས་འགྲིག་པར་གྱུར་བས་ངས་གནས་ཚུལ་བཤད་མ་ཐག་ཁོ་ཚང་གི་ཁྱིམ་བདག་ཡང་ཐོན་བྱུང་། མི་ཐོན་དུས་དུས་ཚོད7ལ་སླེབས་འདུག དུས་ཚོད7ལ་སླེབས་དུས་ངས་ཏག་ཏག་ཨ་མྱེས་ལ་ཆབ་ཏོ་ལ་བཟུང་དུས་ཐོག་མར་མི་བདུན་བརྒྱད་ཅིག་ཡོང་ནས་སུ་རེད་ཅེས་འདྲི་དུས། སྨན་པ་མི་འདི་རེད་ཅེས་བཤད་མ་ཐག་ཚུར་ཡོང་ནས་ངའི་ཐོང་རྩ་ནས་བཟུང་སྟེ་ང་ལ་གཅར་བྱུང་ལ། ངའི་ལག་ནས་ཆབ་ཏོ་སར་ལྷུང་བ་དང་དུས་མཉམ་དུ་ངས་ཁོར་ཁྱོད་ཀྱིས་ཅིའི་ཕྱིར་ང་ལ་གཅར་བ་ཡིན་ནམ་ཞེས་དྲིས་པར། ཁྱོད་ཀྱིས་ངའི་ཨ་ཕར་རླངས་འཁོར་གྱིས་རྡུང་བཏང་ན་ངས་ཁྱོར་མི་གཅར་ར་དེས་ན་སུ་ལ་གཅར་དགོས་སམ་ཟེར། ངས་ཁྱོད་ཀྱི་ཨ་ཕར་མ་རྡུང་ཞེས་བཤད་པར། ཁྱོད་ཀྱིས་མ་རྡུང་ན་ཁྱོད་ཀྱིས་འདི་བྱེད་རྒྱུ་རེད་ལ་མ་རེད་ཟེར། ངས་རླངས་འཁོར་བསྐོར་བཞིན་མེད་པས་ཁྱོད་ཀྱི་ཨ་ཕར་ཅི་བྱས་ནས་རྡུང་དགོས་སམ་ཞེས་བཤད། སྐབས་དེར་ང་ཅི་ཞིག་བྱེད་མཁན་ཡིན་མིན་སུས་ཀྱང་བདེན་དཔང་བྱེད་མི་ཐུབ་པས། ཏག་ཏག་སྐབས་དེར་འགྲིམ་འགྲུལ་རུ་ཁག་གི་ཉེན་རྟོག་དཔོན་པོ་ཅིན་ཐོན་བྱུང་ལ། གནས་དེར་ཡང་འགྲིམ་འགྲུལ་དོན་རྐྱེན་ཅིག་བྱུང་སོང་བས་ཡིན་ལ། དོན་རྐྱེན་གཞན་པ་གང་ལ་ཡང་ཁོ་རང་ཐོན་སྲིད་ངེས། ངས་ཉེན་རྟོག་པ་ཅིན་ཞེས་བོས་པ་ན་ཁོས་དགེ་རྒན་ལིག་ཁྱོད་ལ་ཅི་བྱས་སོང་ངམ་ཟེར། ངས་གནས་ཚུལ་ཚང་མ་བཤད་པ་ན་ངས་ཚོད་དཔག་བྱས་ན་ཡང་ཁྱོད་ཡིན་རྒྱུ་རེད། སྐབས་དེར་བརྙན་མིག་ཡང་མེད་པས་དེས་ན་ད་ཅི་བྱེད་དགོས་སམ་ཞེས་དྲིས་པར། ད་ཁྱོད་ཀྱིས་ཁས་ལེན་རྒྱུ་བྱས་ནས་ཁོ་ཚོས་ཅི་ཞིག་བཤད་ན་དེ་ལྟར་སྒྲུབ་རྒྱུ་བྱོས་ཟེར། ང་ཚོ་འགྲིམ་འགྲུལ་རུ་ཁག་དུ་སོང་ནས་དོན་དག་ཐག་གཅོད་བྱས་ཤིང་། རྗེས་སུ་གལ་ཏེ་ངའི་ཨ་ཕ་གཞན་གྱིས་རྡུང་བ་ཡིན་ན་རྡུང་མཁན་མ་རྙེད་ན་ངས་ར་དེ་ལྟར་འདོད་རྒྱུ་རེད། ངས་དེས་ན་ཆོག་གི ད་ཅི་ཞིག་བྱེད་རྒྱུ་ཡིན་ཞེས་དྲིས་པར། ད་ཐེངས་ཁྱོད་བསྐྱུར་ར་བཏང་། ཁྱོད་ཀྱིས་སྨན་རིན་བྱིན་བཏང་ན་ཆོག ལས་ཀར་དལ་འགོར་བྱས་པའི་རིན་པ་མི་ལེན་ནི་བྱེད། ཁྲི6ལྷག་ཡིན་ལ། དེའི་ཁར་འཚོ་བཅུད་ཁ་གསབ་བྱེད་སྤྱད་བསྣན་ན་བསྡོམས་པས་སྒོར་ཁྲི6ཡིན་ཟེར། ངས་ཆོག་གི་ཞེས་བཤད་ནས་སྒོར་ཁྲི6སྤྲད་པ་ཡིན། ཕྱིར་སོང་དུས་ངའི་སེམས་ནས་དེ་འདྲའི་བདེ་མོ་ཞིག་མ་རེད། ངས་དོན་བཟང་སྒྲུབ་དུས་མ་བསམ་ས་ནས་རང་གི་སྒོར་ཁྲི6མེད་པར་བུད་སོང་ན་དེ་ནི་དྲང་བདེན་ཤིག་ཡིན་ནམ། ངས་ལའེ་ཧྥུན་གྱི་འདྲ་པར་ལ་བལྟས་ནས་ངས་ཁྱོད་ལ་སློབ་སྦྱོང་བྱས་ཏེ་ད་ལྟ་ཉེས་འགལ་བྱས་བྱུང་ཞེས་བཤད། རྗེས་སུ་རིམ་བཞིན་རང་གི་ཨ་ཕ་ཡིད་ལ་དྲན་ན་མི་བཟོད་རྒྱུ་ཅི་ཡང་མི་འདུག དེ་ལྟར་ལོ6འདས་ཟིན་པས་ངས་དོན་དག་དེ་རྩ་བ་ནས་བརྗེད་ཟིན་མོད། ཉིན་ཞིག་ལ་ང་ཡུལ་ལ་བསྡད་ཡོད་དུས་སྒོ་ཐག་ཐག་རྡུང་བའི་སྒྲ་ཞིག་གྲགས་འོངས། ང་སོང་ནས་སྒོ་ཕྱེས་དུས་སྔོན་གྱི་རྒད་པོ་དེའི་ཞི་ལི་ཐོན་འདུག ལུས་ཧྲིལ་བོ་རྔུལ་ཆུས་ཁེངས་འདུག ངའི་སེམས་སུ་ཡང་ངའི་ལག་ནས་སྒོར་མོ་ལེན་དུ་ཡོང་བ་ཡིན་སྲིད་སྙམ་ནས་ཨ་ཕའི་ལུས་པོ་ཇི་འདྲ་རེད་ཞེས་དྲིས་པར། ཁོས་ཁྱོད་བཙོག་ཞེས་ང་རང་བཙོག་ཏུ་བཅུག་རྗེས་གུས་འདུད་ཐེངས་ཤིག་ཞུས་པ་ན་ངས་ཁོར་ཅི་ཞིག་རེད། ང་ལ་སྒོར་མོ་མེད་ཞེས་བཤད་པ་ན། དེའི་རྗེས་སུ་ཁོས་ང་ལ་གུས་འདུད་ཞུས་པ་ནི་ངས་ངོ་མས་ཁྱོད་ལ་འོས་མེད་བྱས་སོང་བ་ཡིན། ཁོས་ཉིན་གཉིས་ཀྱི་ཡར་སྔོན་དུ་ངེད་ཚང་གི་བྱིས་པར་རླངས་འཁོར་དོན་རྐྱེན་ཞིག་བྱུང་བས་རྐང་བ་གཉིས་ཀ་བཅག་ཤིང་། དེ་ནི་ངས་ཁོའི་ཕ་རྒན་བསྐྱབས་པའི་ལོ་དེར་སྐྱེས་པའི་བྱིས་པ་ཡིན་པས། ངས་དོན་དག་ཅི་ཞིག་བྱུང་བ་ཡིན་ནམ་ཞེས་དྲིས་པར། སྐབས་དེར་ཁྱོད་ལྟ་བུའི་མི་ཞིག་ཡོད་རྒྱུས་ན་བྱིས་པར་དོན་དག་ཅི་ཡང་བྱུང་མི་སྲིད་མོད། རླངས་འཁོར་གྱིས་རྡུང་ན་ཡང་ཁ་ཡ་བྱེད་མཁན་མེད་པས་ཡང་གཞན་གྱི་རླངས་འཁོར་སྟེང་ལ་འཁོར་བ་རེད་ཟེར། དེས་ན་ད་ང་བྱིས་པ་དེར་ཅིག་ལྟ་རུ་འགྲོ་ཟེར་དུས་ཁོས་ང་ལ་ངས་ཁྱོར་སྒོར་མོ་བསྐྱལ་འོངས་བ་ཡིན། ངས་སྒོར་མོ་ཅི་ཞིག་ཡིན་མིན་དྲིས་པར། སྒོར་ཁྲི6ཁུག་མའི་ནང་ནས་ཁྱེར་ཡོང་ནས་ངའི་མདུན་ལ་བཞག་བྱུང་། ངས་དོན་དག་ཅི་ཞིག་བྱུང་མིན་དྲིས་པར། ཁྱོར་མ་གསང་དྲང་མོར་བཤད་ན། དོན་དག་འདི་བྱུང་བའི་རྗེས་སུ་མི་གང་མང་ཞིག་གིས་ངའི་ཨ་ཕ་ཁྱོད་ཀྱིས་བསྐྱབས་པ་རེད་ཟེར་མོད། ང་རང་ཡིད་མ་ཆེས། རྗེས་སུ་ངེད་ཚང་གི་གཉེན་ཉེ་ཞིག་དོན་རྐྱེན་བྱུང་བའི་ཉིན་དེར་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ཡོད་པས་ཁོར་ཉིན་དེར་གསལ་བོ་མཐོང་ཡོད་པ་རེད། ཡིན་ན་ཡང་སྤྱི་སྤྱོད་རླངས་འཁོར་ལས་ཁོ་མར་འབབ་འདོད་རུང་སྤྱི་སྤྱོད་རླངས་འཁོར་མི་འདུག་པར་ས་ཚིགས་ལ་སླེབས་ན་ད་བཟོད་འདུག་པ་རེད། རྗེས་སུ་ངའི་བྱིས་པར་དོན་རྐྱེན་བྱུང་བའི་ཉིན་དེར་ཁོས་དངོས་སུ་ང་ལ་ཁྱོད་ཀྱི་ཨ་ཕར་རླངས་འཁོར་གྱིས་རྡུང་ཐུག་ཁེལ་དུས་སྐྱེས་པ་བློ་མཐུན་རྐང་སྣུམ་ལྗང་ཁུ་དང་ལྭ་བ་དཀར་པོ་གྱོན་མཁན། མིག་ཤེལ་བརྒྱབ་པ་ཞིག་གིས་ཁྱོད་ཀྱི་ཨ་ཕར་རོགས་བྱས་ཤིང་། ཁྱོད་ལ་སྡུར་ན་ངར་བ་ཞིག་རེད་ཟེར་པས་ང་ད་བཟོད་ཡིད་ཆེས་པ་ཡིན། ཆོག་གི སྒོར་ཁྲི6པོ་འདི་ཁྱོད་ཀྱི་བྱིས་པ་སྨན་པར་སྟོན་སྤྱད་བྱས་ཞེས་བཤད་ན་ཡང་། ཁོས་ཁྱོད་ཀྱིས་གཏན་ནས་དེ་བྱེད་མི་རུང་། ཁོས་གལ་ཏེ་ཁྱོད་ཀྱིས་སྒོར་མོ་འདི་མི་ལེན་ན་ངེད་ཚང་ལ་རྣམ་སྨིན་གྱི་ཆག་སྒོ་ཆེན་པོ་ཞིག་འབྱུང་སྲིད་ཟེར་ནས་ང་ལ་ཡིན་གཅིག་མིན་གཉིས་སྒོར་ཁྲི6པོ་ལེན་དུ་བཅུག་བྱུང་། རྗེས་སུ་དོན་དག་དེ་བྱུང་ནས་ལོ་དྲུག་འགོར་བའི་རྗེས་སུ་ངས་ད་བཟོད་སྒོར་ཁྲི6པོ་དེ་ཚུར་བླངས་བ་དང་དོན་དངོས་ལ་བརྟེན་ནས་ང་ཡང་དཀར་འདོན་བྱས་སོང་།

      ལོ་ཙཱ་བ། ལྷ་དཔལ་སྐྱབས།