ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། དྲུག་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-04 14:21:35      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

        ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། དྲུག་པ།

        ལིག་ཞའེ་ཅོན།

        ངའི་ཨ་ཕ་གཉིས་ཀྱིས་ང་ལ་གནའ་རྫས་དང་ཡིག་གཟུགས། རི་མོ་སོགས་གང་མང་མང་ཞིག་བཞག་ཡོད་ན་ཡང་རྗེས་སུ་ལོ་འདི་དག་གི་རིང་ལ་ངས་ཚང་མ་བཙོངས་ཟིན། བཙོངས་ནས་སྒོར་མོ་ཡང་མང་པོ་ཞིག་ཡོད་པས། ངས་བྱིས་པ་སྟོང་ཕྲག་ལྷག་ལ་རོགས་རམ་བྱས་ཏེ་དཔེ་ཆ་འདོན་དུ་བཅུག་ཤིང་། བྱིས་པ་འདི་དག་ཚང་མ་ངོ་མས་ཁྱད་པར་ཅན་ཏག་ཏག་ཡིན་པས། ཁོ་ཚོ་མི་ཚང་མས་སྤྱི་ཚོགས་སྟེང་བྱས་རྗེས་ཆེན་པོ་རེ་བཞག་ཡོད། དེ་དག་གི་ཁྲོད་ན་མིང་ལ་ཕན་ཧྲི་ཕུན་ཟེར་བ་ཞིག་ཡོད་དེ། མ་བསམ་ས་ནས་ང་ཚོར་མཉམ་དུ་རྒྱལ་ཁབ་ཀྱི་བྱ་དགའ་ཆེན་པོ་ཞིག་འཐོབ་མྱོང་ལ། རྒྱལ་ཡོངས་ཀྱི་སྐབས་བཞི་བའི་སྤྱི་ཕན་སྐར་ཆེན་བཅུ་ལ་འདེམས་བྱུང་། སྐབས་དེར་ཀྲའོ་པུན་ཧྲན་དང་ཁྲིན་ཀོང་པའོ་སོགས་ང་ཚོ་མི་བཅུ་ལྷག་ཡོད་ལ། སྐབས་དེར་བྱ་དགའ་ལེན་དུས་ཁོ་ཚོས་བཤད་ན་དགེ་རྒན་ལིག་ཁྱོད་ཨང་དང་པོ་རེད་ཟེར། དེའི་ཁྲོད་དུ་ད་རུང་ཞིན་ཅང་གི་ཨ་ཕྱི་རྒན་མོ་ཞིག་ཀྱང་ཡོད་ལ། ཁོ་ཚོས་རིགས་མི་འདྲ་བའི་བྱིས་པ་དྭ་ཕྲུག་གང་མང་ཞིག་ལ་རོགས་བྱས་མྱོང་བས། ཁྱོད་ཀྱིས་ང་ཚོར་མིང་རྟགས་ཤིག་འགོད་རོགས་ཞེས་བཤད་པས། ངའི་ཡི་གེ་མི་ཡག་ན་ཡང་ང་ལ་ཡིན་གཅིག་མིན་གཉིས་མིང་རྟགས་འགོད་དགོས་ཟེར་བས་ངས་ཁོ་ཚོར་མིང་རྟགས་བཀོད་པ་ཡིན། སྐབས་དེར་ཕན་ཧྲི་ཕུན་ཚུར་འོངས་ནས་ཅིག་བལྟས་རྗེས་ཁྱོད་དགེ་རྒན་ལིག་ཞའེ་ཅོན་མིན་ནམ་ཟེར། འོ་ལེ ཅི་ཞིག་རེད་ཞེས་དྲིས་པར། ངས་ཁྱོད་ཀྱི་ཡིག་གཟུགས་ངས་ལོ་གང་མང་ཞིག་ལ་མཐོང་མྱོང་ཞིང་། ད་བར་དུ་ངས་ད་རུང་ཉར་ཚགས་བྱས་ཡོད་ཟེར། ཅིའི་ཕྱིར་ཅེ་ན། ཁྱོད་ཀྱི་རོགས་རམ་ལ་བརྟེན་ནས་ངས་དཔེ་ཆ་འདོན་དུ་བཅུག་པ་མིན་ནམ་ཟེར་པར། ངས་འོ་ལེ འོ་ལེ། ཁྱོད་ཀྱི་སློབ་འབྲིང་དང་མཐོ་འབྲིང་། སློབ་ཆེན་བཅས་ཀྱི་སློབ་རིན་ངས་ཁྱོད་ལ་བྱིན་པ་ཡིན་ཞེས་བཤད་པར། ཁོས་ང་ལ་ཁྱོད་ཀྱི་ཤུགས་རྐྱེན་གྱི་དབང་གིས་དེ་རིང་ངས་ད་བཟོད་བྱ་དགའ་འདི་ལེན་ཐུབ་པ་ཡིན་ལ། ང་རང་སློབ་ཆེན་སློབ་མཐར་ཕྱིན་རྗེས་སྤྱི་གཉེར་ཁང་མང་པོ་ཞིག་གིས་ང་བོས་པ་མ་ཟད། ང་ལ་ཟླ་ཕོགས་ཀྱང་མཐོན་པོ་བྱིན་རུང་ང་མ་སོང་བར་ང་རང་མཐའ་འཁོབ་ཀྱི་ཞིང་སྡེ་ལ་དགེ་རྒན་བྱེད་དུ་སོང་བ་མ་ཟད། ད་རུང་ངས་རང་ཉིད་ཀྱི་ཟླ་ཕོགས་ཀྱི་སུམ་ཆའི་གཅིག་བླངས་ནས་ད་རུང་ང་རང་གཉེན་བསྒྲིགས་བྱས་མེད་པས། སློབ་ཤོར་བྱིས་པ་དག་ལ་རོགས་རམ་བྱས་པ་ཡིན་ལ། ངས་ད་རུང་ཁོ་ཚོར་ངའི་ཡོད་ཚད་ནི་མི་སེམས་བཟང་ཞིག་གིས་གནང་བ་ཡིན་པས་ང་རང་ཡང་མི་སེམས་བཟང་ཤིག་བྱ་རྒྱུ་ཡིན་པས། ཉམ་ཐག་དང་དཀའ་ཁག་ཆེ་བའི་བྱིས་པ་མང་པོ་ཞིག་ལ་དཔེ་ཆ་འདོན་རྒྱུར་རོགས་རམ་བྱས་པ་ཡིན་ཟེར། ངའི་སེམས་སུ་བརྩེ་བ་རྒྱ་བསྐྱེད་ཐུབ་པ་མ་ཟད། ཀུན་ལ་བརྒྱུད་སྒྲོགས་ཡང་བྱེད་ཐུབ་པས་ངའི་སེམས་སུ་ས་བོན་འདི་ལ་དངོས་གནས་འབྲས་བུ་ཡག་པོ་ཞིག་སྨིན་སོང་བས་ངས་སེམས་སུ་རང་ཉིད་ནི་ཆེས་བདེ་སྐྱིད་ལྡན་པའི་མི་དེ་ཡིན་པར་འདོད་ཡོད།

        མ་གཞི་བཅོས་སྒྱུར་སྒོ་འབྱེད་བྱས་པའི་རྗེས་སུ་བྱིས་པ་མང་པོ་ཞིག་ལ་ཁྱིམ་བདག་གཉེན་འཐོར་བྱས་པ་དང་ཡང་ན་ཕ་མ་གཉིས་ཀར་ལོ་རྒྱུས་ཀྱི་གནད་དོན་ཀྱི་དབང་གིས་བཀག་སྐྱིལ་བྱས་པ་སོགས་ཀྱི་དབང་གིས་བྱིས་པ་དེ་དག་སྤྱི་ཚོགས་སྟེང་ཡུལ་འཁྱར་བྱས་ཡོད་ལ། སྤྱི་ཚོགས་སྟེང་ཡུལ་འཁྱར་བྱས་རྗེས་ལོ་འདི་དག་གི་རིང་ལ་ངས་བྱིས་པ་བརྒྱད་བཅུ་ནས་བརྒྱ་ལྷག་ལ་རོགས་རམ་བྱེད་བཞིན་ཡོད་ལ། ངས་ཆུ་འདྲེན་སྤུ་གུའི་འགྲམ་དང་སྤྱི་སྤྱོད་རླངས་འཁོར་གྱི་ས་ཚིགས། ཡང་ན་ཁང་བ་རལ་བོ་དང་བུད་ཤིང་སྤུངས་ཡོད་ས་སོགས་སུ་ཡོད་པས་ངས་མཐོང་དུས་གནས་ཚུལ་དྲིས་རྗེས་ངེད་ཚང་ལ་ཁྲིད་འོངས་བ་ཡིན། ཆེས་མང་དུས་བྱིས་པ་བཞི་བཅུ་ནས་ལྔ་བཅུ་ཡོད་པས་ཆེས་མང་དུས་ཁང་བའི་ནང་ཡོངས་སུ་བཀང་ཡོད། ཕོ་དག་ཁང་བ་གཅིག་དང་མོ་དག་ཁང་བ་གཅིག་བྱས་ན་བུ་མོ་ཉུང་ཞིང་། བུ་ཅུང་མང་། དེའི་འཕྲོར་ངས་ཆུ་ཁོལ་བསྐོལ་ནས་ཁོ་ཚོའི་ལུས་པོ་བཀྲུས་ཤིང་། ལ་ལའི་ལུས་སྟེང་ན་ད་རུང་ཤིག་ཡང་ཡོད་པས་ལྭ་བ་དེ་ཁྱེར་ཡོང་ནས་མེར་བསྲེགས་པ་དང་ང་རང་གི་ལྭ་བར་བཟོ་བཅོས་རེ་བརྒྱབ་ནས་ཁོ་ཚོར་བསྐོན་པ་ཡིན་ལ། དེའི་འཕྲོར་ཧུབ་སྐམ་དང་བསྙལ་ཁུ། ཤ་སོགས་ཉོས་ནས་བསྐོལ་ཏེ་ཁོ་ཚོར་འཐུང་དུ་བཅུག་དུས་ངོ་མས་སྤྲོ་སྣང་གིས་ཁེངས་འདུག དེའི་འཕྲོར་ངས་ཁོ་ཚོར་ངེས་པར་དུ་མི་བཟང་བོ་ཞིག་བྱེད་པ་དང་སློབ་སྦྱོང་བཟང་བོ་བྱས་ཏེ། རྗེས་ཕྱོགས་སྤྱི་ཚོགས་སྟེང་གོ་ཆོད་པའི་མི་ཞིག་བྱེད་དགོས་ཞེས་བཤད་པ་དང་དེའི་འཕྲོར་ངས་ཁོ་ཚོའི་ཕ་མ་གཉིས་ཀྱི་ལས་ཁུངས་བཙལ་བ་དང་བཙོན་ཁང་། གཞིས་ཁུལ། ད་རུང་ཁོ་ཚོའི་གཉེན་ཉེ་སོགས་ཡོད་ས་རུ་སོང་ནས་གཅིག་རེ་གཅིག་རེ་བྱས་ཏེ་མཇུག་མཐར་བྱིས་པ་འདི་དག་ཚང་མ་སྤྱི་ཚོགས་སྟེང་ཞུགས་སུ་བཅུག་པས་བྱིས་པ་དེ་དག་གི་བརྒྱ་ཆའི་དགུ་བཅུ་ནི་བྱིས་པ་ངར་བ་ཏག་ཏག་ཡིན་ལ། སློབ་ཆེན་བཏོན་ཟིན་པ་དང་། ལ་ལ་སྦྱིན་བདག་ཉན་ཡོད། ལ་ལས་སྤྱི་ཚོགས་སྟེང་ཚོང་ལས་གཉེར་བཞིན་ཡོད། ད་རུང་གཅིག་ནི་བརྒྱ་དཔོན་བྱས་ཡོད་པས་བྱིས་པ་དེ་ནི་ཅི་ཡིན་ནམ་ཞེ་ན། ཁོ་ཧ་ཅང་རིག་རྒོད་ཅིག་ཡིན་མོད་འོན་ཀྱང་དངོས་པོ་འདྲ་མིན་རྐུ་རྒྱུར་དགའ་བས། རྗེས་སུ་ངས་ཁོར་ཁྱོད་ཀྱིས་ངེད་ཚང་གི་དངོས་པོ་གང་ཞིག་ཁྱེར་ན་འདོད་ན་ཁྱེར་ཆོག་ལ། ཁྱེར་རྗེས་ཤོག་བུ་ཆུང་ཆུང་ཞིག་གི་སྟེང་ལ་བྲིས་བཏང་ན་ཆོག་ཞེས་བཤད་པས། ཁོས་ཆོག་གི ངས་ཤེས་སོང་ཟེར། ངེད་ཚང་ལ་མིང་རྒྱལ་རབས་སྐབས་ཀྱི་ཐེལ་ཤིག་ཡོད་ལ། ཐེལ་ཆེན་པོ་ཞིག་ཡིན། མཇུག་མཐར་ཁོ་འགྲོ་སྐབས་ཐེལ་དེ་མེད་པར་གྱུར་སོང་། ཐེལ་དེ་ཡང་གོང་ཆེན་ཞིག་ཡིན་པས་ངས་བསམ་ན་ཡང་ཕལ་ཆེར་བྱིས་པ་དེས་ཁྱེར་སོང་བར་འདོད། ཡིན་ན་ཡང་ངས་བྱིས་པ་དེ་ལོ་ཕྱེད་ལྷག་ལ་གཉོར་བས་སློབ་གསོ་བཏང་པ་མ་ཟད། ནམ་རྒྱུན་ངས་ཁོར་བཤད་བཤད་པས་ཁོས་བརྐུ་མི་བྱེད་རྒྱུ་ཁས་བླངས་ཡོད། གལ་ཏེ་ངས་སྤྱི་བདེ་ཁང་ལ་ཞུ་གཏུག་བྱས་པ་ན་ཕལ་ཆེར་ཁོ་རང་འཛིན་བཟུང་བྱེད་སྲིད་པ་མ་ཟད། ངལ་རྩོལ་བསྒྱུར་བཀོད་ཡང་བྱེད་སྲིད་པར་འདོད་ནས་གང་འདོད་ལ་བསྐྱུར་སོང་། རྗེས་སུ་ལོ་བཞི་ལྔ་ལྷག་འགོར་རྗེས་བྱིས་པ་དེ་ང་ཡོད་སར་ཐོན་བྱུང་། དམག་ལྭ་གྱོན་ཡོད་པ་མ་ཟད་ང་ལ་གུས་འདུད་ཅིག་ཞུས་བྱུང་། ངས་ཁོར་དམག་ལ་ཞུགས་བཏང་ངམ་ཞེས་དྲིས་པར་ཁོས་དགེ་རྒན་ལིག ང་ཁྱོད་ཀྱི་ཐམ་ཀ་ཕྱིར་སྤྲོད་དུ་འོངས་བ་ཡིན་ཟེར། ཐམ་ཀ་དེ་ངས་ཁྱེར་སོང་། སྐབས་དེར་ངས་བཙོངས་བསམ་མོད་ཡིན་ན་ཡང་ཐམ་ཀ་དེ་ནི་ཁྱོད་ཀྱི་ཡིན་པས་ཁྱོད་ཀྱིས་ང་ལ་སྐུལ་སློང་བྱས་སྟེ་མི་གསར་བ་ཞིག་བྱེད་པའི་སློབ་གསོ་བཏང་པས། ད་ལྟ་ང་ནི་འདྲེན་དཔོན་ཆེ་བའི་བརྒྱ་དཔོན་ཞིག་ཡིན་པ་མ་ཟད། ངས་ད་རུང་ལས་བྱེད་པ་བཟང་བོ་འགའ་ཡང་སྐྱེད་བསྲིངས་བྱས་ཡོད་ཟེར་བས། ངས་བསམ་ན་དེར་རིན་ཐང་ཡོད་པར་འདོད། ལོ་འདི་དག་གིི་རིང་ལ་ངས་ལོ་བཅུ་བརྒྱད་ནས་བཟུང་ཁྲག་ཕུལ་མྱོང་ལ། ངས་བསམ་ན་ཁྲག་ནི་སླར་གསོན་བྱེད་མི་ཐུབ་པས་དེས་མིའི་ཚེ་སྲོག་སྐྱོབས་ཐུབ་པར་འདོད། ངས་ལོ18ནས་བཟུང་ལོ་རེ་རེར་ཁྲག་གི་ཞལ་འདེབས་འབུལ་མྱོང་ཞིང་། ཆེས་མང་དུས་ཐེངས་ཤིག་ལ་ཧའོ་ཧྲིན600ལྷག་འབུལ་མྱོང་། ཐེངས་ཤིག་ལ་དོན་རྐྱེན་བྱུང་བས་སྐབས་དེར་འོས་འཚམ་གྱི་ཁྲག་རིགས་མ་རྙེད་པས་ང་འགྲིག་པས་སྔོན་ལ400ཕུལ་རུང་། མཇུག་མཐར་དེའི་མ་འདང་བས་ཡང་200ཕུལ་ཏེ་ཁྱོན་བསྡོམས600ཕུལ། ངས་ལོ་རེ་རེར་ནམ་རྒྱུན་ལུས་པོར་གནོད་པ་མེད་པའི་གནས་ཚུལ་འོག་རང་གི་ཟུངས་ཁྲག་མི་གཞན་ལ་ཞལ་འདེབས་སུ་གནང་བ་ཡིན། སྐབས་དེར་ཁྲག་གི་ཞལ་འདེབས་ཕུལ་ན་སྒོར་མོ་ཡོད་མོད། ལོ་འདི་དག་གི་རིང་ལ་སྒོར་མོ་མེད་པ་རེད། སྐབས་ལན་རེར་ངས་མི་གཞན་གྱི་ལས་ཁུངས་ཀྱི་མིང་གཡར་དུས་སྒོར1000དང་སྐབས་ལན་རེར2000ཡང་ཡོད། སྒོར་མོ་དེ་ཡོད་པས་ངས་དཀའ་ཁག་ཆེ་བའི་བྱིས་པ་དག་ལ་དཔེ་ཆ་འདོན་བྱེད་དུ་བཀོལ་བ་ཡིན། ངས་རང་གི་མིང་མ་བཀོལ་བར་མི་གཞན་གྱི་མིང་ཐོག་ནས་གནང་ན་ཡང་ཁྲག་ནི་སྔར་བཞིན་ངའི་ཁྲག་ཡིན་ངེས། ང་ལ་སྒོར་མོ་བྱིན་བཏང་ན་ང་སོང་ནས་འཚོ་བར་དཀའ་ཁག་ཡོད་པའི་བྱིས་པ་དེ་དག་ལ་བྱིན་པ་ཡིན། ད་ལྟ་ངས་ལོ་རེར་ཐེངས་གཉིས་རེ་ཞལ་འདེབས་སུ་གནང་བ་ཡིན། དེའི་རྒྱུ་རྐྱེན་ཡིན་ན་ལོ55བུད་པ་ན་ཞལ་འདེབས་སུ་འབུལ་མི་རུང་ཞིང་། ངས་ད་ལྟ་ཅིའི་ཕྱིར་ཐེངས་གཉིས་ལ་འབུལ་བཞིན་ཡོད་དམ་ཞེ་ན། ང་ད་ལོ54ཡིན་པས་མི་འགྱངས་བར་ལོ55ལ་སླེབས་སྲིད་པས། ངས་རང་ཉིད་ཀྱི་ཟུངས་ཁྲག་དམར་པོ་འདིའི་ཚེ་སྲོག་མང་པོ་ཞིག་སྐྱོབས་འདོད་པས། ངས་བསམ་ན་དེར་ཡང་རིན་ཐང་ཡོད་པར་འདོད།

        དེའི་མི་ཚད་ངའི་ཞི་ལིས་ཡིན་ན་ང་ལ་རོགས་རམ་གང་མང་ཞིག་བྱས་མྱོང་། དེ་ཡང་ཁྲག་ཞལ་འདེབས་སུ་འབུལ་ཆེད་ཐེངས་ཤིག་ལ་སྐབས་དེ་ནི1989ལོ་ཡིན་ཞིང་སྐབས་དེར་ང་རང་པེ་ཏེ་ཧེ་ལ་ལུས་གསོ་བྱེད་པར་སོང་ཞིང་། ལུས་གསོ་བྱེད་སྐབས་དེ་དུས་ནི་ཟླ8པའི་ནང་གི་ཚེས་གཅིག་ནས་བཅོ་ལྔའི་དབར་དུ་ཕལ་ཆེར་ཐེན་ཅིན་གྱི་བུད་མེད་བློ་མཐུན་ཞིག་གིས་བྱིས་པ་ཆུང་ཆུང་ཞིག་ཁྲིད་དེ་རྩེ་རུ་འོངས་ཤིང་། སྐབས་དེར་སློབ་འགོ་ཚུགས་མ་ཐག་ཡིན་པས་མཚོ་འགྲམ་དུ་ང་ལོ་ལོན་འགའ་དང་མཉམ་དུ་ལུས་གསོ་བྱེད་བཞིན་ཡོད་ལ། ཕལ་ཆེར་ཚང་མ་ལོ་བདུན་བཅུ་ནས་བརྒྱད་བཅུ་ཅན་ཏག་ཏག་རེད། ལོ་དྲུག་བཅུ་བདུན་བཅུ་ཅན་གྱི་ལོ་ལོན་དག་གི་ལུས་ཕུངས་དེ་འདྲ་བདེ་ཐང་མིན་པས་ཉིན་དེའི་དགོང་མོ་ཞིག་ལ་ང་རང་དེར་སོང་དུས་གློ་བུར་དུ་སྲོག་སྐྱོབས་ཞེས་པའི་སྒྲ་ཞིག་ཐོས་བྱུང་། སྐབས་དེར་མི་མང་པོ་ཞིག་གིས་བསྐོར་ཡོད་ལ། གྲིབ་གཟུགས་དཀར་པོ་ཞིག་ཐག་རིང་ས་ན་ཡོད་ལ། སྐབས་དེར་བུད་མེད་ཅིག་གློ་བུར་དུ་ནང་ལ་ལྡིང་བྱུང་། ཡིན་ན་ཡང་ཁོ་མོ་ཆུར་རྐྱལ་མི་ཤེས། དེའི་རྗེས་སུ་ངའི་འགྲམ་ན་ལོ་ལོན་ཏག་ཏག་མ་གཏོགས་མེད་པས་ང་ཡང་ནང་ལ་ལྡིང་ནས་བུད་མེད་བློ་མཐུན་དེ་པང་ནས་བསྐྱབས་དུས་མོས་ངའི་བྱིས་པ་ཅིག་སྐྱོབས་རོགས་མོ་ཆུར་རྐྱལ་མི་ཤེས་ཟེར། སྐབས་དེར་བྱིས་པ་དེ་ཐག་རིང་ཤིག་ལ་ཁུར་སོང་། དེའི་འཕྲོར་ང་ཡང་ཆུ་ནང་ལ་ལྡིང་ནས་རང་ནུས་གང་ཡོད་ཀྱིས་བྱིས་པ་དེ་པང་ལ་བཟུང་ནས་ཡོང་སྐབས་སྐབས་དེར་མཚོ་ནང་ན་མཚོ་དུག་ཡོད་པས་དུག་མི་ལ་ཕོགས་སྲིད། མཚོ་དུག་ཆེན་པོ་ལ་ཅོག་ཙེ་སྒོར་མོ་འདྲ་བ་ཡོད། ངས་མཚོ་དུག་གིས་ཁེངས་བའི་བྱིས་པ་དེ་པང་ནས་རྡོ་ཡོད་ས་རུ་ཡོང་དུས་རྡོའི་སྟེང་དུ་མཚོ་ལྡུམ་ཡོད་པས་ཤུད་ཐེངས་གཅིག་གིས་ངའི་དིང་རུའི་རུས་པ་བཅག་སོང་བས་ཁ་ནང་ནས་ཁྲག་སྐྱུགས་བྱུང་། ཡིན་ན་ཡང་ངས་བྱིས་པ་དེ་མཚོ་འགྲམ་དུ་བསྐྱལ་རྗེས་མོའི་ཨ་མས་ང་ལ་བཀའ་དྲིན་ཆེན་པོ་ཞུས་ན་ཡང་ངས་ཁྱོད་ཀྱིས་རང་གི་བྱིས་པ་ལ་བདག་སྐྱོང་བཟང་བོ་བྱེད་དགོས་ཚུལ་ལབ་རྗེས་ང་བསྡད་ཀིན་བསྡད་ཀིན་ན་ཟུག་ཆེ་བས་ངས་ཕྱིར་པེ་ཅིན་ལ་འགྲོ་བའི་རླངས་འཁོར་ཡོད་མེད་དྲིས་པར་ཡོད་ཟེར། རྗེས་སུ་ང་རང་རླངས་འཁོར་ལ་བསྡད་དེ་ཕྱིར་པེ་ཅིན་ལ་བུད་ཡོང་། པེ་ཅིན་དུ་སོང་རྗེས་སྨན་ཁང་དུ་ཞག་སྡོད་བྱས་པ་ཡིན། ང་སྨན་ཁང་དུ་སྡོད་དུས་ནམ་རྒྱུན་མཚོ་ཆུ་འཐུང་བས་སྐྱུར་ཞིང་ཁ་བ་ཞིག་ཡིན་པས་ནམ་རྒྱུན་མིག་ཟུང་ཕྱེས་འདོད་རུང་ཕྱེས་མི་ཐུབ་ལ། དེའི་འཕྲོར་བཙན་གྱིས་ཕྱེས་དུས་ངེད་ཚང་གི་བྱིས་པ་སློབ་ཆུང་ལོ་རིམ་དང་པོར་འགྲོ་བཞིན་ཡོད་པས་མོའི་མིག་ཆུ་ངའི་ཁ་ནང་ལ་བཞུར་འོངས། ངས་རྣམ་རིག་ཤིག་སྒྲིམ་དུས་ངའི་ཨ་ཕ་སད་བྱུང་ཞེས་སྐད་རྒྱག་བཞིན་མྱུར་དུ་སྨན་པ་དང་ནད་གཡོག་དག་འབོད་དུ་སོང་། དེའི་འཕྲོར་ངའི་ཨ་ཕ་ཤི་སོང་ཟེར་ནོ་སུ་རེད། ངའི་ཨ་ཕ་གསོན་བྱུང་ཟེར། མ་གཞི་སྨན་པ་དང་ནད་གཡོག་པས་བཤད་ན་ང་ཉིན་གསུམ་དང་ཞག་གསུམ་ལ་དྲན་པ་བརྒྱལ་ནས་སད་མ་བྱུང་ཟེར། བྱིས་པས་བསམ་ཤེས་ཡོད་པས་ངའི་འགྲམ་ནས་བསྡད་དེ་ཅི་ལྟར་འགྲོར་བཅུག་ན་ཡང་མི་འགྲོ་བ་རེད། དེའི་རྗེས་སུ་ཡང་སྨན་ཁང་དུ་སྡོད་དུས་ཉིན་གཉིས་པར་སད་དུས་ངའི་ཉལ་ཁྲིའི་འགྲམ་དུ་མི་གཞན་པ་ཞིག་བསྣན་འདུག་ལ། འདི་ནི་ཕལ་ཆེར་ལས་བྱེད་ཅིག་གི་ཁྱིམ་བདག་ཡིན་ངེས། དགོང་མོ་རང་ཉིད་དྲན་མ་བརྒྱལ་གྱི་མཚམས་སུ་ན་ཟུག་ཆེ་བས་ང་ནང་ནས་འཁུན་སྒྲ་ཅིག་ཤོར་སོང་། ནད་པ་དེའི་ཞི་ལི་ནི་ལས་བྱེད་པ་ཅིག་ཡིན་པས་ཁྱོར་དོན་དག་ཅི་ཞིག་ཡོད་དམ། དོན་མེད་ལ་འུར་རྒྱག་གིན་མ་འདུག་ཟེར། དེའི་རྒྱུ་རྐྱེན་ནི་ཁོའི་ཨ་ཕར་གཤག་བཅོས་བྱས་ཟིན་པས་གཤག་བཅོས་བྱས་ཚར་ན་ལྷིང་འཇགས་སུ་འདུག་དགོས་པས་རེད། སྐབས་དེར་རང་གིས་རང་ཉིད་ལ་ཚོད་འཛིན་བྱེད་མ་ཐུབ་པས་རེད། ཁྱོད་ཀྱི་མིང་ལ་ཅི་ཟེར་རམ། ཁྱོད་ལ་ཅི་ཞིག་བྱས་སོང་ངམ་སོགས་ཡར་མར་མང་པོ་ཞིག་བཤད་བྱུང་། དེའི་སྐབས་སུ་ངའི་བུ་མོས་ཁོའི་ཨ་ཕར་ཁྲག་རྒྱག་བཞིན་པ་དེར་ཅིག་བལྟས་ནས་ཟུངས་ཁྲག་སྟེང་གི་མིང་ལ་ཅིག་བལྟས་རྗེས། ཁུ་བོ་ཐུགས་རྒྱལ་མ་བཞེངས། ངའི་ཨ་ཕའི་མིང་ལ་ཅི་ཟེར་འདུག་གཙོ་བོ་མ་རེད། ཁྱོད་ཀྱི་ཨ་ཕར་རྒྱག་བཞིན་པའི་ཁྲག་འདི་ནི་ངའི་ཨ་ཕའི་ཁྲག་རེད་ཟེར། སྐབས་དེར་རྒད་པོ་དེ་དང་ཁོའི་ཉེ་འཁོར་གྱི་མི་ཚང་མས་ཅིག་བལྟས་རྗེས་ང་ལ་འོས་མེད་བྱས་པའི་ཚོར་བ་སྐྱེས་བྱུང་། དུས་དེ་ནས་བཟུང་ང་ཚོ་གྲོགས་པོ་རུ་གྱུར་བ་མ་ཟད། ནད་གྲོགས་བཟང་བོ་ཞིག་ཏུ་གྱུར་སོང་། དྲང་མོར་བཤད་ན་ངས་ཚང་མའི་དུས་ཚོད་མང་པོ་ཞིག་འཕྲོ་བརླག་དུ་བཏང་སོང་ལ། བཤད་རྒྱུ་ཡང་མང་སོང་། ང་རང་ཉིད་ཀྱིས་སྔ་མོ་ནས་ཁ་ཆེམས་ཡི་གེ་བྲིས་ཡོད་པས། ངས་རང་ཉིད་དུས་ད་ལྟའི་དབར་དུ་གསོན་ཐུབ་པ་ཡིད་ལའང་དྲན་མེད། དེའི་མི་ཚད་ངས་ནམ་རྒྱུན་ཉི་མ་རེ་རེ་ནི་རང་གི་ཆེས་མཐའ་མཇུག་གི་ཉིན་མོ་རུ་བཟུང་ཡོད། དྲང་མོར་བཤད་ན་ངས་དོན་དག་འདི་འདྲའི་མང་པོ་ཞིག་སྒྲུབ་པས་ངས་ངོ་མས་རང་ཉིད་ལ་འདིའི་ཡན་གྱི་བདེ་སྐྱིད་ཅིག་མེད་པའི་ཚོར་སྣང་སྐྱེ་འོངས། དེའི་རྒྱུ་རྐྱེན་ཡིན་ན་ངས་ནམ་རྒྱུན་རོགས་རམ་བྱེད་དགོས་པའི་མི་རྣམས་ལ་རོགས་རམ་བྱས་པ་ཡིན། ང་སྔ་མོ་དུས་ཚོད5ཡི་སྟེང་ཡར་ལངས་ནས་ཁུག་མ་ལག་ལ་བཟུང་སྟེ་སྒོར་སོང་རྗེས་དགོང་མོ་ནམ་ཞིག་ལ་ཕྱིར་འོངས་ཐུབ་མིན་ཡང་གསལ་བོ་མི་ཤེས་ཤིང་། མ་བསམ་ས་ནས་སྨན་ཁང་དུ་ཉིན་གཉིས་གསུམ་རེ་འགོར་རྗེས་ཡུལ་ལ་ལོག་པའི་སྐབས་ཀྱང་ཡོད་པ་འདི་ནི་རྒྱུན་ལྡན་གྱི་དོན་དག་ཅིག་ཡིན་ངེས། ངས་བསམ་ན་དེར་རིན་ཐང་ཡོད་པར་འདོད། ངས་ཁ་ཆེམས་ཡི་གེ་ཡང་བྲིས་ཡོད་ལ། ནམ་ཞིག་ང་ཤི་བ་ན་ངའི་མིག་ལྕིབས་ཡང་འོད་ཟེར་མཁོ་བའི་མི་གཞན་ལ་ཞལ་འདེབས་སུ་གནང་རྒྱུ་དང་། ངའི་གློ་སྙིང་མཆིན་གསུམ་སོགས་དོན་ལྔ་སྣོད་དྲུག་ཡང་བླངས་ནས་རོགས་རམ་བྱེད་དགོས་པའི་མི་ལ་སྟེར་རོགས། ངའི་བེམ་པོ་ཡང་གསོ་རིག་སློབ་གླིང་ལ་སྟེར་རོགས་ཞེས་བྲིས་ཡོད། དེའི་རྒྱུ་རྐྱེན་ནི་གསོ་རིག་སློབ་གླིང་ལ་མིའི་བེམ་པོ་ཧ་ཅང་དཀོན་པས་བྱིས་པ་དག་ལ་སློབ་ཁྲིད་བྱེད་སྤྱད་དུ་སྟེར་དགོས། དེའི་འཕྲོར་ངའི་ལྷུ་ལག་འདྲ་མིན་སྣ་ཚོགས་གཅིག་ཀྱང་མེར་གཏན་ནས་མི་བསྲེགས་པར་རུས་ཐལ་དུ་བཅུག་ནས་མཆོད་འབུལ་བྱེད་མི་དགོས། ངས་ང་ལ་སྡོང་བོ་བརྒྱ་ཉོས་ནས་དེར་ལུད་རྫས་སུ་བཏབ་པས་ཆོག་ཞེས་བྲིས་ཡོད། ངས་བསམ་ན་སྡོང་བོ་དེ་དག་གིས་མི་གཞན་ལ་མཁའ་དབུགས་གསར་བ་ཞིག་བསྐྱལ་ཐུབ་པ་མ་ཟད། སྡོང་བོ་ད་རུང་རྒྱུ་ཆ་རུ་ཡང་འགྱུར་ཐུབ་ལ། རྐུབ་སྟེགས་དང་ཅོག་ཙེ་སོགས་ལས་ན་ཡང་ཆོག་ལ། ཐ་ན་ཐུར་མ་ལས་སྤྱད་བྱས་ན་ཡང་ཆོག ཆོག་གི ངས་ཚང་མའི་མང་པོ་ཞིག་འཕྲོ་བརླག་དུ་བཏང་ནས་བཤད་རྒྱུ་ཅུང་མང་སོང་། ད་མཚམས་འཇོག

      ལོ་ཙཱ་བ། ལྷ་དཔལ་སྐྱབས།