མཚན་མོ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-04 16:06:30      རྩོམ་སྒྲིག་པ། : རྟ་མགྲིན་དཔལ།

      སྦྲ་སྲས་ནག་པོ།

        ཉིན་གཅིག་གི་དུས་ཚོད་ཚར་རྗེས་ཀྱི་དབུགས་ལམ་ཧྲིལ་བོ།

        མཚན་མོ་ཟེར་བའི་ཟླ་འོད་ཀྱི་སྨེང་སྐྱོར་བཅོལ་ནས།

        རྗེས་ཤུལ་མེད་པའི་གླུ་གཞས་ཀྱི་མགོ་རྔ་ལ།

        སང་ཉིན་སད་ཆོག་པའི་རེ་བ་དང་རྨི་ལམ་བྲིས།

        མུན་པའི་ཁོང་གསེང་ནི་འོད་ཀྱི་རྒྱ་མཚོར་འདྲེས་ནས།

        མཚན་མོའི་ལས་འབྲེལ་དང་དྲན་པ་ཡོད་ཚད།

        དབྱར་གཞུང་གི་ཐུ་འོག་ནས་སྔས་རྡང་སྦྲེལ་ཏེ།

        སུས་ཀྱང་བོར་མི་ཐུབ་པའི་དྲན་ཤིང་གི་སྐ་རགས་བཤིག

        མཚན་མོའི་སྐར་མ་དང་སྤྲིན་པ་བརྩི་ཐབས་མེད་ཀྱང་།

        མིག་གིས་མཐོང་ཚད་ཀྱི་འདང་གི་རྒྱ་ཁྱོན་ཟབ་མོ།

        བསིལ་འཇམ་གྱི་རླུང་བུས་ཤད་ཀྱིན་སྲུང་ཡོད་པས།

        ངལ་དུབ་ཀྱི་རྔུལ་ཆུ་དང་རེ་སྒུག་ཡོངས་སུ་བསྲད་སོང་།

        རྣམ་པ་མཐའ་དག་གི་ངོ་བོ་རྩ་བ་ནས་འགྱུར་ཏེ།

        མཐོང་ལམ་གྱི་གཟུགས་རིས་ཡོད་ཚད་ནག་པོར་སླེབས་ཚུལ་ནི།

        དུས་ཆད་བཏབ་པའི་བུ་མོ་ཞིག་གི་བརྩེ་དུང་གི་བང་ཚད་ལ།

        ཁྱོ་ག་ཟེར་བའི་སྐྱེས་པ་དེས་ཟྭ་སྒྲོག་རྒྱབ་པ་དང་མཚུངས།

        མཚན་མོའི་ཁ་དོག་དང་ཕྱི་ནང་ཡིད་ལ་མི་རན་པས།

        ང་ཡི་སེམས་ནང་གི་ནམ་མཁའ་སྔོན་པོ་དེ་མཐོང་ཐབས་བྲལ་ཡང།

        འཇིག་རྟེན་གྱི་བརྩེ་བ་དང་དགའ་དུང་གླུ་ལ་གྱེར་ཏེ།

        ཆང་དང་སྙན་ངག་གིས་ང་རང་བཟི་ན་འདོད།

        2017/ 7/3