མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་ཀྲུང་གོའི་མཚན་སྙན་ཆེ་བའི་ལྕགས་རྟ་འགྲན་སྡུར་གྱི་ཨང་རིམ་ལས་རྩེ་གྲར་སོན་པ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-05 11:25:50      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

  ཟླ་བདུན་པའི་ཟླ་དཀྱིལ་དུ་མཚོ་སྔོན་གྱིས་དབྱར་གྱི་དུས་བཟང་འདིར་ལོ་རེར་ཐེངས་རེར་སྤེལ་སྲོལ་ཡོད་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་བསུ་རྒྱུ་རེད་ལ། འགྲན་སྡུར་ཡག་པོ་ཞིག་སྤེལ་རྒྱུ་དེ་ནི་མཚོ་སྔོན་པོ་དང་། ཐ་ན་རང་རེའི་ཞིང་ཆེན་ལ་མཚོན་ན། ཕྱོགས་བཞིའི་ཡུལ་སྐོར་བ་འགུག་ཐབས་དང་། ཞིང་ཆེན་གྱི་ཡུལ་སྐོར་ལ་སྐུལ་འཁྲིད། བཟང་བཏུང་ལ་སོགས་ཀྱི་ཞབས་ཞུ་ལས་རིགས་གོང་དུ་སྤེལ་བར་དོན་སྙིང་ཆེན་པོ་ཡོད་པ་རེད།


འདི་ནི་ཟླ༦པའི་ཚེས༣༠ཉིན་ལ་ཡུལ་སྐོར་བ་ཞིག་གིས་མཚོ་སྔོན་པོའི་གླང་ཆེན་མཆེ་བ་གཉིས་པའི་ལྗོངས་ཁུལ་དུ་བརྒྱབ་པའི་པར་རེད།

  

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱིས་བསྟུད་མར་ལོ་གཉིས་རིང་ལ་ཀྲུང་གོའི་མཚན་སྙན་ཆེ་བའི་ལྕགས་རྟ་འགྲན་རྒྱུག་གི་ཡང་རྩེར་ཟིན་ནས་རྒྱལ་ནང་གི་འགྲན་སྡུར་རིགས་འདིའི་སྣེ་འདྲེན་གྱི་གོ་བབ་བཟུང་བ་དང་། ལས་རིགས་འདིས་གདེང་འཇོག་དང་བསམ་གཞིགས་གཏོང་བའི་མཚོ་སྐོར་གྱི་གཟུགས་བརྙན་ལྟ་བུར་གྱུར་བ་མ་ཟད།རྒྱལ་ནང་དང་ཐ་ན་གླིང་ཆེན་ཨེ་ཤ་ཡ་འདིའི་རིམ་པ་མཐོ་ཤོས་ཀྱི་འགྲན་སྡུར་ཞིག་ཏུ་གྱུར་ཡོད།

  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་སྡུར་དོ་དམ་ལྟེ་གནས་སུ་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟའི་བར་དུ་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་ཆེད་ལས་ཆ་ནས་ཨང་དང་པོ་དང་། དམངས་ཡོངས་རང་བཞིན་ཨང་དང་པོ། དགའ་བསུའི་ཚད་ཨང་དང་པོ་བཅས་དང་པོ་གསུམ་ནས་སྐབས་བཅོ་ལྔ་འཚོགས་ཡོད་ཅིང་། ༢༠༡༦ལོའི་རྒྱལ་ནང་ནས་སྤེལ་བའི་ལྕགས་རྟ་འགྲན་རྒྱུག་ཆེ་ཤོས་༢༠༠ཡི་ཨང་དང་པོར་ཟིན་ནས་བསྟུད་མུར་ལོ་གཉིས་ལ་རྒྱལ་ནང་གི་ལྕགས་རྟ་འགྲན་སྡུར་ཡོངས་ཀྱི་ཡང་རྩེར་སོན་པའི་མཚན་སྙན་ཐོབ། འདི་ནི་མི་དམངས་ལུས་རྩལ་དང་། མི་དམངས་དྲ་བའི་གླེང་ཕྱོགས་ལྟ་སྐུལ་ཚད་ལེན་ཁང་གིས་འགྲན་སྡུར་གྱི་ཆེད་ལས་ངོ་བོ་དང་། གླེང་ཕྱོགས་ཆེ་ཆུང་། ནང་ཞུགས་ཀྱི་གནས་ཚུལ་བཅས་ཚད་ཐིག་གསུམ་ཕྱོགས་གཅིག་ཏུ་བསྡུས་ནས་དཔྱད་འདེམས་བྱས་པའི་ཁྲོད་ནས་ཨང་དང་པོ་ནས་བརྒྱའི་བར་གྱི་འགྲན་ཞུགས་པར་སྡོམ་རྩིས་བྱས་ནས་བསྒྲགས་པ་ཞིག་རེད།

  ཤེས་གསལ་ལྟར་ན། ༢༠༡༦ལོའི་མཚན་སྙན་ཆེ་ཤོས་ཀྱི་ལྕགས་རྟ་འགྲན་སྡུར་གྱི་ཨང་རིམ་ལ་བལྟས་ཡོང་ན། མཚན་སྙན་ཆེ་ཤོས་ཀྱི་ལྕགས་རྟ་འགྲན་སྡུར་ཇེ་མང་ནས་ཇེ་མང་རེད་ལ། འགྲན་སྡུར་གྱི་བྱང་ཚད་ལ་ཡང་ངོ་བོ་ཆ་ནས་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་འདུག ཁྱད་ཆོས་ཤིག་ནི་མང་ཤོས་མཐའ་འཁོབ་ཀྱི་ཡུལ་དང་། གྲོང་ཁྱེར་ཆུང་འབྲིང་དུ་སྤེལ་ཚུལ་ཞིག་ཆགས་ཡོད་པས་མཚན་སྙན་ཡང་གྲོང་ཁྱེར་ཆེ་ཁུལ་ནས་རིམ་བཞིན་དུ་ཡུལ་མཐའ་ཁུལ་དུ་ཕྱོགས་ཆེ་བ་ཞིག་རེད་ཀྱང་། མཚན་སྙན་དེ་ལྟ་བུས་ཡུལ་དེ་དག་གི་ཡུལ་སྐོར་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་གོང་སྤེལ་ལ་སྐུལ་འཁྲིད་ཆེན་པོ་བྱེད་ཐུབ་ཀྱིན་ཡོད། ལྷག་པར་འགྲན་སྡུར་གྱི་གླེང་ཕྱོགས་ཚ་བོས་ཐད་ཀར་སྨྱན་བྱད་ཀྱི་དྲིལ་སྒྲོག་ནུས་པ་འདོན་ཐུབ་མ་ཟད། རིམ་བཞིན་དུ་འགྲན་སྡུར་གྱི་མཚན་སྙན་ཡང་ཇེ་ཆེར་འགྲོ་ཐུབ་པ་རེད།

  ཉེ་བའི་ལོ་ཚུན་ལ། མཚོ་སྐོར་འགྲན་སྡུར་སོགས་འགྲན་སྡུར་ཆེས་ཤོས་མང་པོ་ཞིག་གི་འཁྲིད་སྟོན་འོག་ཏུ། ལྕགས་རྟ་འགྲན་སྡུར་དེ་རིམ་བཞིན་དུ་དམངས་ཡོངས་ཀྱི་ལུས་པོ་སྦྱོང་བརྡར་བྱེད་པའི་གཙོ་རྒྱུགས་ལུས་རྩལ་གྱི་རྣམ་པར་ཆགས་འདུག་པ་དང་། ནང་སྒོས་སུ་ན་ནིང་ནས་བཟུང་མཚོ་སྐོར་འགྲན་སྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་མཉམ་འབྲེལ་འགྲན་སྡུར་གསར་དུ་བཙུགས་ཏེ། མཚོ་སྐོར་འགྲན་སྡུར་གྱི་སྡིངས་ཆ་དེ་རྒྱ་ཇེ་ཆེ་དང་ལམ་ཐག་ཇེ་རིང་དུ་བཏང་ནས་འགྲན་སྡུར་དེའི་མཚན་སྙན་དེ་སྔ་ལས་ཇེ་རྒྱས་བཏང་པ་དང་། དམངས་ཡོངས་ཀྱི་ལུས་པོ་སྦྱོང་བརྡར་གྱི་འདུ་ཤེས་ཀྱང་དེ་སྔ་ལས་མངོན་གསལ་དུ་བཏང་ཡོད་པ་རེད། ད་ནི་མཚོ་སྐོར་འགྲན་སྡུར་སྐབས་བཅུ་དྲུག་པར་གྲ་སྒྲིག་ཨང་གསར་བྱེད་པའི་མཐའ་མཇུག་གི་ལས་རིམ་ལ་ཐོན་ཡོད་ཅིང་། འབྲེལ་ཡོད་མུ་འབྲེལ་གྱི་འགྲན་སྡུར་ཡང་སྔ་གཞུག་ཏུ་མགོ་བརྩམས་འདུག གཞན་སྒྲིག་འཛུགས་ཨུ་ལྷན་གྱིས་ལྗང་མདོག་དང་། རྩོལ་བྱུང་རིག་གནས། འཆམ་མཐུན་བཅས་འགྲན་སྡུར་བརྗོད་སྙིང་ལ་ཡང་ཡང་ཞིབ་འཇུག་བྱས་ཏེ། འགྲན་སྡུར་གྱི་སྡིངས་ཆ་དེར་བརྟེན་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་འབྲེལ་འདྲིས་ལ་ཤུགས་སྣོན་དང་། མངའ་ཁོངས་བར་གྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་སྤེལ། གོང་སྤེལ་རང་འགན་དུ་བླངས་ནས་མཚན་སྙན་ཇེ་དྲག་གཏོང་བར་སྐུལ་འཁྲིད་བྱེད་ཐུབ་པ་བཅས་ལོ་བརྒྱའི་མཚོ་སྐོར་གྱི་ཕུགས་འདུན་མངོན་གྱུར་ལ་ཧུར་ཐག་དང་། ལྕགས་རྟ་འགྲན་སྡུར་གྱི་མཚན་སྙན་འབར་བའི་ཞིང་ཆེན་དུ་འགྱུར་བར་རྨང་གཞི་བརྟན་པོ་འདིང་ཐུབ་ལ་ཧུར་ཐག་བྱེད་ཀྱི་ཡོད་པ་རེད།

  ལོ་ཙཱ་བ། ཁོན་ཐར་འཚོ།