སློབ་གྲྭའི་གསབ་ཁྲིད་ཐད་ཀྱི་གནད་དོན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-20 10:53:42      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        འཕྲིན་ཡིག་ནང་དོན།

        གུས་པར་འོས་པའི་ཞིང་ཆེན་འགོ་ཁྲིད་པ་ཁྱེད་བདེ་མོ། ང་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གཉིས་པ་ན་སློབ་གཉེར་བྱེད་བཞིན་ཡོད་པའི་སློབ་མ་ཞིག་གི་ཁྱིམ་བདག་ཡིན། དེ་གའི་སློབ་འབྲིང་སློབ་ཁུལ་གསར་བར་གནས་སྤར་རྗེས་སློབ་མ་དག་ཉིན་གུང་ཕྱིར་ཡུལ་དུ་འགྲོ་མི་ཆོག་ལ་དགོང་མའི་ཆུ་ཚོད་བདུན་ལྷག་བར་དུ་གསབ་ཁྲིད་བྱེད་དགོས་པ་གཏན་འཁེལ་བྱས་པས། སློབ་མའི་ངལ་གསོ་དང་བདེ་ཐང་ཐད་ལ་ཤུགས་རྐྱེན་ཚབ་ཆེན་ཐེབས་ཡོད་ལ། སྔོན་ཆད་ཀྱང་བྱིས་པས་ཉིན་གུང་ངལ་གསོ་མ་བྱས་པའི་རྐྱེན་གྱིས་སློབ་གྲྭ་འགྲོ་བའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་ཡང་ཐེངས་མང་ལ་བྱུང་མྱོང་། ན་ནིང་དགུན་ཁར་སློབ་ཁྲིད་གྲོལ་བ་ཧ་ཅང་འཕྱི་དྲག་པས་ངེད་ཚང་གི་བྱིས་པར་མི་ངན་གྱིས་བརྙས་བཅོས་བྱས། ཉེ་སྔོན་སློབ་གསོ་སྡེ་ཁག་གིས་སློབ་མར་གསབ་ཁྲིད་བྱས་མི་ཆོག་པ་གཏན་འཁེལ་བྱས་ཡོད། ཡིན་ནའང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གཉིས་པས་ད་རུང་དགོང་མའི་དུས་ཚོད་བདུན་ལྷག་བར་དུ་གསབ་ཁྲིད་བྱེད་བཞིན་ཡོད། ཁྱེད་འགོ་ཁྲིད་དག་གིས་བྱ་བའི་བྲེལ་གསེང་ཁྲོད་ནས་སློབ་གྲྭས་སློབ་གསོ་སྡེ་ཁག་གིས་གཏན་འཁེལ་བྱས་པའི་སྒྲིག་གཞི་དོན་འཁྱོལ་བྱེད་ཀྱིན་ཡོད་པ་ལྟ་ལྟོག་བྱེད་རོགས། བཀའ་དྲིན་ཆེ།

        ཕྱིར་ལན་བསྐྱོན་པ།

        བཀུར་འོས་པའི་བློ་མཐུན་ཁྲིན་ཅན་ཞིན་ཁྱེད་བདེ་མོ། ངེད་སློབ་གསོ་ཐིན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་རྨང་གཞིའི་སློབ་གསོ་ཁྲུའུ་ལ་འབྲེལ་གཏུགས་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་པའི་བླང་བྱ་བཏོན་ཏེ། དོན་དག་དེ་སྒྲུབ་པའི་མཇུག་འབྲས་ཡིག་ལན་གཤམ་གསལ་ལྟར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གཉིས་པའི་མཐོ་གསུམ་རིམ་པས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་《སློབ་གྲྭ་ཆུང་འབྲིང་གི་དོ་དམ་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་སློབ་སྒྲུབ་ཚལ་ལྡན་དུ་གཏན་འཁེལ་བྱས་པའི་ཐད་ཀྱི་བརྡ་སྦྱོར》དགོངས་པ་གཞིར་བཟུང་སྟེ། སློབ་མ་དག་ལ་བསྐྱར་སྦྱོང་བྱེད་དུ་བཅུག་པ་ལས་གཞན་ལོ་རིམ་གཞན་དག་གསབ་ཁྲིད་བྱེད་ཀྱིན་མེད་ཟེར། སློབ་ཁུལ་གསར་བར་གནས་སྤར་བའི་ཚུན་ལ་སློབ་གྲྭར་སློབ་མ་ཚོར་སློབ་གྲྭ་ཡོང་བའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་མྱོང་བའི་ཡར་ཞུ་ཡང་གཅིག་ཀྱང་འབྱོར་མ་མྱོང་ཟེར། མ་འོངས་པ་ནས་ཡང་ངེད་སློབ་གསོ་ཐིན་གྱིས་སློབ་སྒྲུབ་བྱ་བ་སྔར་ལས་ཚལ་ལྡན་དུ་བཏང་སྟེ་མི་དམངས་ཡིད་ཚུམས་པའི་སློབ་གསོ་ཞིག་བསྒྲུབ་རྒྱུ་ཡིན། ཁྱེད་ཀྱིས་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་བྱས་པ་ཡིན། ང་ཚོས་ཐག་གཅོད་བྱས་པའི་མཇུག་འབྲས་ལ་ཡིད་མི་ཚུམས་ན་མཇུག་འབྲས་ཡི་གེ་འདི་ཁྱེར་དེ་ཉིན་སུམ་བཅུའི་ནང་ལ་སྔོན་གྱི་སྲིད་འཛིན་ལས་སྒྲུབ་ལས་ཁུངས་ཀྱི་རིམ་པ་གོང་མའི་སྲིད་འཛིན་ལས་ཁུངས་ལ་བསྐྱར་ཞིབ་བྱེད་པའི་རེ་ཞུ་བྱས་ཆོག གལ་ཏེ་གཏན་འཁེལ་བྱས་པའི་དུས་ཚོད་ལས་བརྒལ་སོང་ན་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་ཡིག་སྒམ་བྱ་བའི་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་གཞན་དག་གིས་བསྐྱར་དུ་རེ་ཞུ་དང་ལེན་མི་བྱེད།

        མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།

        2017ལོའི་ཟླ6པའི་ཚེས2ཉིན།

      ལོ་ཙཱ་བ། ལྷ་ཆེན་རྒྱལ།