རང་ཞིང་གི་ལྗོངས་ཁུལ་ཆེ་ཁག་ཏུ་ཡོང་བའི་ཡུལ་སྐོར་བ་ཉིན་རེར་མི་ཐེངས་ཁྲི༢ལས་བརྒལ་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-20 11:35:59      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་ཚ་བ་ཧ་ཅང་ཆེ་བའི་དུས་འདི་ལ་རང་ཞིང་གི་ལྗོངས་ཁུལ་ཁག་ཏུ་མི་ཚོགས་ཚང་ཚིང་བྱེད་ཅིང་། ཟས་རིགས་ཙག་ཙིག་གི་ཚོང་ལམ་དུ་མི་ཚོགས་པང་བསྒྲིགས་པ། མགྲོན་ཁང་མངག་ཉོ་ཧ་ཅང་བྲེལ་བ་ཆེ་བའི་ཚ་ཚ་འུར་འུར་གྱི་རྣམ་པས་ཡོངས་སུ་ཁེངས་འདུག འདི་ནི་མི་རྣམས་དགའ་བོ་ཡོད་པའི་དབྱར་ཁའི་ཚ་བ་གཡོལ་ས་མཚོ་སྔོན་གྱིས་ལོ་གཅིག་ནང་གི་ཡུལ་སྐོར་དུས་བཟང་བསུ་བའི་དུས་སྐབས་རེད།

  

  མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་གི་ཁྲོན་སྲང་ལམ་(水井巷)ཁྲོམ་རའི་སིལ་ཟས་དང་སྣ་འཛོམས་ཚོང་ཟོག་ཡོད་སར་ཡུལ་སྐོར་བས་དགའ་བསུ་ཐོབ།

  ལྗོངས་ཁུལ་ཆེ་ཤོས་ཁག་གིས་ཉིན་རེར་ཡུལ་སྐོར་བ་མི་ཐེངས་ཁྲི༢ལས་བརྒལ་བ་སྣེ་ལེན་བྱེད་པ་རེད།

  ཟླ༧པར་སློབ་གྲྭ་ཆུང་འབྲིང་གི་དབྱར་གནངས་བཏང་བ་དང་བསྟུན་ནས་མཚོ་སྔོན་ཡུལ་སྐོར་གྱིས་ལོ་གཅིག་ནང་གི་ཡུལ་སྐོར་དུས་བཟང་དེ་བསུས། གསར་འགོད་པས་ལྗོངས་ཁུལ་ཁག་ནས་ཤེས་གསལ་ལྟར་ན། ཟླ༧པའི་ཚེས༡༠ཉིན་གྱི་རྗེས་སུ་མཚོ་སྔོན་པོ་དང་། སྐུ་འབུམ་དགོན། ཁྲི་ཀ ཚྭ་ཁའི་ཚྭ་མཚོ། རྒྱ་མདོའི་པད་ཁའི་མེ་ཏོག་ལ་སོགས་སུ་ཉིན་རེར་ཆ་སྙོམས་ཀྱིས་ཡུལ་སྐོར་བ་ཁྲི༢ལས་བརྒལ་བ་ཡོང་བཞིན་ཡོད་པ་རེད།

  ཟླ༦པའི་ཚེས༡ཉིན་ནས་ད་བར་དུ་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཉིན་རེའི་ཡུལ་སྐོར་བ་ཁྲི་ལས་བརྒལ་བ་སྣེ་ལེན་བྱེད་པའི་ཉིན་གྲངས་དེ་ན་ནིང་ལས་མང་། གསར་འགོད་པས་ལྕགས་ལམ་དང་མཁའ་འགྲིལ་གྱི་རྒྱལ་ཁབ་ཡུལ་སྐོར་དང་། ཀྲུང་གོའི་གཞོན་ནུ་རྒྱལ་ཁབ་ཡུལ་སྐོར་ལ་སོགས་ཀྱི་ཡུལ་སྐོར་ལས་དོན་ཁང་ཆེ་ཁག་ནས་རྒྱུས་ལོན་པའི་གནས་ཚུལ་ཞིག་ནི། ལོ་རེའི་ཟླ༧པ་ནི་མཚོ་སྔོན་ཡུལ་སྐོར་གྱི་དུས་བཟང་ཡིན། ད་ལོ་ལ་མཚོན་ན་ཀྲུང་གོའི་ལྷོ་ཕྱོགས་སུ་ཚ་བ་བསྟུད་མར་རྒྱས་རྐྱེན་མི་རྣམས་མཚོ་སྔོན་དུ་ཚ་གཡོལ་ལ་ཡོང་མཁན་སྔོན་ཆད་ལས་མང་བ་རེད། མཚོ་སྔོན་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གི་ལས་སྒོའི་སྤྱི་གཉེར་བ་ཧེ་ཁྲུན་གྱིས་གསར་འགོད་པར། ད་ལྟ་ལྗོངས་ཁུལ་ཚ་ཤོས་ཀྱི་ཉེ་འཁོར་དང་ཟི་ལིང་གི་སྡོད་ཁང་། རླངས་འཁོར་གླ་ས་བཅས་ཅུང་དཀོན་པོར་གྱུར་ཡོད་པ་མ་ཟད། ཡུལ་སྐོར་ལས་དོན་ཁང་ཁག་གིས་གཟའ་མཇུག་གི་ཡུལ་སྐོར་ཚོགས་པ་དང་། མི་གྲངས་ཅུང་ཉུང་བའི་ཡུལ་སྐོར་ཚོགས་ཆུང་དག་སྣེ་ལེན་བྱེད་ཀྱི་མེད་པ་རེད།

  མའོ་ཚང་སྲང་ལམ(莫家街)གྱི་མཚན་ཁྲོམ་དུ་འཚོང་བཞིན་པའི་ལུག་ཤ་བསྲེག་མར་ཡུལ་སྐོར་བས་དགའ་བོ་བྱེད།

  ཡུལ་སྐོར་ལས་དོན་ཁང་ལ་མཚོན་ན་ལོ་རེའི་ཟླ༧པའི་ཚེས༡༥ཉིན་ནས་ཟླ༨པའི་ཚེས༣༡ཉིན་བར་ནི་ཡུལ་སྐོར་བ་ཆེས་མང་པ་དང་ལས་ཀ་ཆེས་བྲེལ་འཚུབ་ཆེ་བའི་དུས་ཡིན། ཉེ་བའི་ལོ་འགའི་རིང་གི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་གནས་ཚུལ་སྤྱི་ལ་གཞིགས་ཡོང་ན། ཡུལ་སྐོར་ལས་དོན་ཁང་གི་སྣེ་ལེན་མི་གྲངས་དེ་ལོ་རེར་བརྒྱ་ཆའི༡༠ཡས་མས་སུ་འཕར་ནས་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ནི་མཚོ་སྔོན་པོ་དང་། སྐུ་འབུམ་དགོན་ལ་སོགས་སྲོལ་རྒྱུན་གྱི་ལྗོངས་ཁུལ་ཁོ་ན་མ་ཡིན་པར་ཚྭ་འདམ་གཞོང་དང་གཉན་པོ་གཡུ་རྩེ་ལ་སོགས་ཀྱི་ལྗོངས་ཁུལ་གསར་བ་འགྲོ་མཁན་ཡང་ད་ལོར་མང་པོ་ཞིག་བྱུང་། ན་ནིང་གི་དུས་འདིར་རང་ཞིང་དུ་ཡུལ་སྐོར་ལ་ཕེབས་མཁན་མང་པོ་ནི་ནང་ལོགས་ཀྱི་ཧྲན་ཞི་དང་། ཀན་སུའུ། པེ་ཅིང་སོགས་ཀྱི་ཡུལ་སྐོར་བ་ཡིན་པ་དང་། ད་ལོའི་ཡུལ་སྐོར་བ་མང་ཤོས་ནང་ལོགས་ཀྱི་ཧུའུ་ནན་དང་། ཧྥུ་ཅིན། ཀོང་ཞི། ཀུའེ་ལིན་སོགས་ནས་ཡོང་བའི་རྣམ་པ་ཆགས་འདུག

  

  ཟླ༦པར་ཁོ་ནར་ཞིང་ཆེན་ཡོངས་སུ་སྣེ་ལེན་བྱས་པའི་ཡུལ་སྐོར་མི་ཐེངས་ཁྲི༤༠༠ལས་མང་པ།

  ཉིན་འདི་དག་ལ་ཡུལ་སྐོར་བ་ཧ་ཅང་མང་རྐྱེན་ཉིན་རེར་ཡུལ་སྐོར་ཚོགས་པ་ཉི་ཤུ་ལྷག་ལ་མཚམས་སྦྱོར་བྱས་ནས་མུད་པ་ཡང་འགག་ཡོང་ཞེས་ཟླ༧པའི་ཚེས༡༧ཉིན་ལ་ཧོར་གྲོང་རྫོང་ཧོར་རིགས་ཕ་གཞིས་གླིང་གི་སྣེ་ཤན་པ་ཞའོ་ཆི་ཡིས་དེ་སྐད་ཟེར། ཞའོ་ཆི་ཡིས་གྲོགས་པོའི་ཚོམས་ལ་འདྲ་པར་ཁག་བསྐུར་འདུག་ཅིང་། དེ་ལས་ལྗོངས་ཁུལ་ཕྱི་ནང་གི་རླངས་འཁོར་འཇོག་སར་ཡུལ་སྐོར་མགྲོན་སྐྱེལ་རླངས་འཁོར་ཆེ་གྲས་(旅游大巴)དང་ཞིང་ཆེན་ཕྱིའི་སྒེར་འཁོར་གྱིས་གང་ཞིང་མི་ཚོགས་ཚང་ཚིང་བྱེད་པ་མ་ཟད། ཐ་ན་སྐོམ་ཆུ་ཉོ་སར་ཡང་མིའི་འདུ་ལོང་སྤྲིན་བཞིན་དུ་འཁྲུགས་བཞིན་པའི་སྣང་ཚུལ་མཐོང་ཐུབ།

   

 

    སྣེ་ཤན་པ་ཞིག་གི་ངོས་ནས་ཞའོ་ཆི་ཡིས་སྔ་མོ་ནས་རང་རེའི་ཡུལ་སྐོར་གྱི་འཕེལ་ཁ་དྲག་པོ་དེ་ཚོར་ཡོད་པ་རེད། ཁོས་འདི་སྐད། ཟླ༦པའི་ནང་དུ་ཁོ་མོས་ཆེ་མང་ན་ཡང་ཡུལ་སྐོར་ཚོགས་པ་བཅུ་ལ་སྣེ་ལེན་བྱེད་དགོས་ཀྱི་ཡོད། ཟླ༧པར་སླེབས་རྗེས་སུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་ཧ་ཅང་མངོན་གསལ་དུ་གྱུར། ཉིན་རེར་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི་ཡན་ལ་སྣེ་ལེན་བྱེད་དགོས། ཁོ་མོས་རགས་རྩིས་ཤིག་བརྒྱབ་པ་ན། ཟླ༧པའི་ཚེས༡ཉིན་ནས་ཚེས༡༧ཉིན་བར་དུ་ཁོ་མོས་ཡུལ་སྐོར་ཚོགས་པ་དང་། ཡུལ་སྐོར་ཚོགས་པ་ཐ་ཐོར་རེ་བརྒྱ་ལྷག་ལ་སྣེ་ལེན་བྱས་འདུག

 

  

  

  

  མཚོ་སྔོན་ཡུལ་སྐོར་གྱི་ཚ་རླབས་འདི་ཡུལ་སྐོར་སྡོམ་རྩིས་ཀྱི་གཞི་གྲངས་ནས་གསལ་ཡོང་། རང་ཞིང་གི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷུན་གྱིས་ཉེ་ལམ་ཕྱིར་བསྒྲགས་པའི་གཞི་གྲངས་ལྟར་ན། ད་ལོའི་ལོ་སྟོད་དུ་རང་ཞིང་གིས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི༡༢༤༡.༥༣ལ་སྣེ་ལེན་བྱས་ཤིང་། དེ་ནི་ན་ནིང་གི་དུས་མཚུངས་ནས་བརྒྱ་ཆའི་༢༢.༦ཇེ་མང་དུ་སོང་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་དེ་སྒོར་དུང་ཕྱུར༡༣༢.༩༤ལ་སླེབས་ནས་ན་ནིང་གི་དུས་ཚུངས་ལས་བརྒྱ་ཆའི་༢༧.༢ཇེ་མང་དུ་སོང་། ད་ལོའི་ཟླ༦པ་ཁོ་ནར་ཡུལ་སྐོར་བ་མི་ཐེངས་༤༤༧.༣༤ལ་སྣེ་ལེན་བྱས་ཡོད་པ་དང་། དེ་ནི་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི༡༩.༢འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར༥༠.༢༤རག་ཐུབ་ཡོད་པ་རེད།

  

  ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་གླས་ཚར་ནས་དཀོན་པའི་ཚུལ་བྱུང་བ།

  ལྗོངས་ཁུལ་དང་ཡུལ་སྐོར་ལས་དོན་ཁང་གི་ལས་ཀ་ཚ་འུར་ཆེ་ཚུལ་དང་བསྡུར་ན་ཡུལ་སྐོར་བོགས་གཏོང་རླངས་འཁོར་ཀུང་སིའི་ལས་ཀ་ཡང་དེ་དང་གཅིག་འདྲ་རེད། གཟའ་མཇུག་ཏུ་སླེབས་དུས་ཀུང་སིས་རླངས་འཁོར་༤༠ལྷག་ཚང་མ་གཏང་དགོས་པ་དང་། དེ་ལས་མང་ཤོས་མཚོ་སྔོན་པོ་དང་། མདོ་ལ། ཚྭ་ཁའི་ཚྭ་མཚོ་རེད། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་རླངས་འཁོར་ཀུང་སིའི་འགན་འཁུར་བ་ཁྲེན་ཧའེ་ཧྲན་གྱིས་འདི་སྐད། ད་ལོའི་གཟའ་ཟླ་བ་ནས་པ་སངས་ཀྱི་ལས་ཞུགས་ཉིན་མོའི་ཡུལ་སྐོར་མི་འབོར་དེ་ན་ནིང་གི་དུས་མཉམ་ལས་ཇེ་མང་དུ་སོང་ཡོད་པ་མངོན་གསལ་རེད་ལ། ལྷག་པར་དུ་གཟའ་མཇུག་ཏུ་སླེབས་དུས་རླངས་འཁོར་བོགས་གཏོང་ཀུང་སིའི་འགྲུལ་སྐྱེལ་རླངས་འཁོར་ཚང་མ་བཏང་ཚར་ཏེ་གཅིག་ཀྱང་ལྷག་མི་ཐུབ་ཟེར།

  ལོ་ཙཱ་བ། ཁོན་ཐར་འཚོ།