གཉེན་སྒྲིག་བཅའ་ཁྲིམས།

ཡོང་ཁུངས། :      སྤེལ་དུས། : 2017-07-24 09:59:11      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

  ༡ གཉེན་སྒྲིག་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ནི་ཅི།

  གཉེན་སྒྲིག་རང་མོས་དང་ཁྱོ་གཅིག་ཤུག་གཅིག ཕོ་མོ་འདྲ་མཉམ་གྱི་གཉེན་སྒྲིག་ལམ་ལུགས་ལག་བསྟར་བྱེད་པ། བུད་མེད་དང་བྱིས་པ། རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། འཆར་ལྡན་བུ་སྐྱེས་ལག་བསྟར་བྱེད་པ།

  ༢ ཁྲིམས་ལུགས་སུ་གཉེན་སྒྲིག་ཐོ་འགོད་ལ་གཏན་ཁེལ་ཇི་ལྟར་བྱས་ཡོད།

  གཉེན་སྒྲིག་བྱེད་པའི་ཕོ་མོ་ཕྱོགས་གཉིས་ཀ་ངེས་པར་དུ་དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་སོང་ནས་ཐོ་འགོད་བྱེད་དགོས་ཤིང་། བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ན་ད་བཟོད་ཐོ་འགོད་བྱས་ནས། གཉེན་སྒྲིག་དཔང་ཡིག་གནང་ཆོག གཉེན་སྒྲིག་དཔང་ཡིག་བླངས་རྗེས་ཁྱོ་ཤུག་གི་འབྲེལ་བ་གཏན་ཁེལ་བྱས་པ་ཡིན། གཉེན་སྒྲིག་ཐོ་འགོད་བྱས་མེད་པ་དག་གིས་ངེས་པར་དུ་ཐོ་འགོད་གསབ་སྒྲུབ་བྱ་དགོས།

  ༣ གནས་ཚུལ་གང་དག་ནི་ལྟར་སྣང་གཉེན་སྒྲིག་གི་ཁོངས་སུ་གཏོགས།

  ༼ ༡ ༽ ཟླ་ཡོད་གཉེན་སྒྲིག

  ༼ ༢ ༽ གཉེན་སྒྲིག་བྱས་མི་ཆོག་པའི་ཉེ་འབྲེལ་གྱི་འབྲེལ་བ་ཡོད་པ།

  ༼ ༣ ༽གཉེན་སྒྲིག་མ་བྱས་པའི་ཡར་སྔོན་དུ་སྨན་ཁང་གིས་གཉེན་སྒྲིག་བྱེད་པར་མི་འོས་པའི་ན་ཚ་ཡོད་པ་ངོས་འཛིན་བྱས་པ་དང་གཉེན་སྒྲིག་བྱས་རྗེས་དྲག་ཐབས་མེད་པའི་ནད་པ།

  ༼ ༤ ༽ ཁྲིམས་གཏན་གཉེན་སྒྲིག་གི་ལོ་ཚོད་ལ་ཐོན་མེད་པ།

  ༤ གཉེན་སྒྲིག་བཅའ་ཁྲིམས་ཀྱིས་གཉེན་སྒྲིག་གང་དག་བཀག་འགོག་བྱེད་པ་ཡིན།

  ༼ ༡ ༽ ཐད་ཀར་དུ་ཁྲག་རྒྱུད་འབྲེལ་བ་ཡོད་པ་དང་མི་རབས་གསུམ་ཚུན་གྱི་ཁྲག་རྒྱུན་ཤ་ཉེའི་འབྲེལ་བ་ཡོད་པ། ༼ ༢ ༽ སྨན་ཁང་གིས་གཉེན་སྒྲིག་བྱེད་པར་མི་འོས་པའི་ན་ཚ་ཡོད་པ་ངོས་འཛིན་བྱས་པ།

  ༥ གང་དག་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུ་རྫས་ཡིན།

  ཁྱོ་ཤུག་གཉིས་ཀའི་གཉེན་སྒྲིག་གི་འབྲེལ་བ་རྒྱུན་མཐུད་སྐབས་ཐོབ་པའི་གཤམ་གྱི་རྒྱུ་རྫས་ནི་ཁྱོ་ཤུག་ཐུན་མོང་ལ་དབང་བ་ཡིན།

  ༼ ༡ ༽གླ་ཕོགས་དང་བྱ་དགའ།

  ༼ ༢ ༽ཐོན་སྐྱེད་དང་ཚོང་གཉེར་གྱི་ཡོང་འབབ།

  ༼ ༣ ༽རིག་གནས་ཐོན་སྐྱེད་ཁེ་དབང་གི་ཡོང་འབབ།

  ༼ ༤ ༽ཤུལ་འཛིན་དང་ལེགས་སྐྱེས་ལ་གནང་བའི་རྒྱུ་རྫས། འོན་ཀྱང་གཉེན་སྒྲིག་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན་ཁ་ཆེམས་དང་ཡང་ན་ལེགས་སྐྱེས་གནང་བ་དེ་གན་རྒྱའི་ཁྲོད་ཁྱོ་དང་ཤུག་ཕྱོགས་གཅིག་ལ་དབང་བ་གཏན་ཁེལ་བྱས་ཡོད་ན་རྒྱུ་རྫས་དེ་ནང་དུ་མི་འདུས།

  ༼ ༥ ༽ཕྱོགས་གཅིག་གིས་མི་སྒེར་རྒྱུ་རྫས་ཡི་མ་དངུལ་བཏང་ནས་བླངས་པའི་ཡོང་འབབ།

  ༼ ༦ ༽ཕོ་མོ་ཕྱོགས་གཉིས་ཀས་དངོས་སུ་བླངས་པའམ་ཡང་ན་སྡོད་ཁང་ཁ་གསབ་དང་སྡོད་ཁང་སྤྱི་གསོག་མ་དངུལ།

  ༼ ༧ ༽ཕོ་མོ་ཕྱོགས་གཉིས་ཀས་དངོས་སུ་བླངས་པའམ་ཡང་ན་རྒན་གསོ་འགན་བཅོལ་མ་དངུལ་དང་མ་རྩ་རྡིབ་པའི་བཀོད་སྒྲིག་གྲོན་དངུལ།

  ༦ རང་རྒྱལ་གྱི་ཁྲིམས་གཏན་གཉེན་སྒྲིག་ནི་ལོ་ཚོད་དུ་ཡིན།

  གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན6པའི་གཏན་འབེབས་བྱས་པའི་ཁྲིམས་གཏན་གཉེན་སྒྲིག་གི་ལོ་ཚོད་ནི། ཕོ་ལོ་ཉེར་གཉིས་དང་མོ་ཉི་ཤུ་སོན་དགོས། ཁྲིམས་གཏན་གཉེན་སྒྲིག་གི་ལོ་ཚོད་ཀྱིས་ཁྲིམས་འགལ་གཉེན་སྒྲིག་དང་ཁྲིམས་མཐུན་གཉེན་སྒྲིག་གི་ལོ་ཚད་བཀར་ཡོད། གལ་ཏེ་ཁྲིམས་གཏན་གཉེན་སྒྲིག་གི་ལོ་ཚད་ལ་སླེབས་པ་ན་ད་བཟོད་གཉེན་སྒྲིག་བྱས་ཆོག དེ་མིན་ཁྲིམས་འགལ་ཡིན་པས། ལྟར་སྣང་གཉེན་སྒྲིག་གི་ཁོངས་སུ་གཏོགས་ལ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཡང་འཐོབ་མི་ཐུབ།

  ༧ ཅི་ཞིག་ལ་ཟླ་ཡོད་གཉེན་སྒྲིག་ཟེར། ཟླ་ཡོད་གཉེན་སྒྲིག་དང་དེ་མཚུངས་ཁྱིིམ་ཚང་གི་གཏུམ་སྤྱོད། མནར་གཅོད། ཁྱིམ་མི་དོར་བ་ལས་གྲུབ་པའི་ནག་ཉེས་ལ་ཁྲིམས་ཐག་ཇི་ལྟར་གཅོད་དགོས།

  ཟླ་ཡོད་གཉེན་སྒྲིག་ནི་བཟའ་ཟླ་ཡོད་བཞིན་དུ་གཞན་ལ་གཉེན་སྒྲིག་བྱས་པའམ་ཡང་ན་གཞན་ལ་བཟའ་ཟླ་ཡོད་པ་ཤེས་བཞིན་དུ་གཉེན་སྒྲིག་བྱེད་པའི་བྱ་སྤྱོད་ལ་ཟེར། ཟླ་ཡོད་གཉེན་སྒྲིག་དང་ཁྱིིམ་ཚང་གི་གཏུམ་སྤྱོད། མནར་གཅོད། ཁྱིམ་མི་དོར་བ་བཅས་ནི་ནག་ཉེས་སུ་གྲུབ་པས། ཁྲིམས་ལྟར་ཉེས་དོན་གྱི་འགན་ཁུར་དགོས། གནོད་འཚེ་ཐེབས་མཁན་གྱིས་ཉེས་ཁྲིམས་ཞུ་གཏུག་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མྱུལ་ཞིབ་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་གཞུང་གཏུག་བྱ་དགོས།

  ༨ གཉེན་སྒྲིག་བཅའ་ཁྲིམས་ལས་གཉེན་འཐོར་ལ་གཏན་འབེབས་ཇི་ལྟར་བྱས་ཡོད།

  ཕོ་མོ་གཉིས་ཀ་གཉེན་འཐོར་རང་འཐད་ཡིན་ན་གཉེན་འཐོར་བྱས་ཆོག ཕྱོགས་གཉིས་ཀ་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་སོང་ནས་གཉེན་འཐོར་རེ་ཞུ་བྱ་དགོས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་རྩད་གཅོད་གསལ་བོ་བྱས་ཏེ་ཕྱོགས་གཉིས་ཀ་དངོས་གནས་རང་མོས་ཡིན་པ་མ་ཟད། བུ་ཕྲུག་གི་གཉོར་སྐྱོང་དང་རྒྱུ་རྫས་ཀྱི་གནད་དོན་ཐག་གཅོད་བྱས་པ་འོས་འཚམ་ཡིན་ན། ད་བཟོད་གཉེན་འཐོར་དཔང་ཡིག་གནང་ཆོག

  ༩ བུད་མེད་ལ་ཁྱིམ་ཚང་གི་གཏུམ་སྤྱོད་ཐེབས་ན་ཇི་ལྟར་བྱ།

  རང་ཉིད་གནས་སྡོད་བྱེད་སའི་སྡོད་ཁུལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འདུམ་སྒྲིག་དང་ཉེན་བརྡ་བཏང་སྟེ། བདེན་དཔང་བཙལ་ནས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག

ལོ་ཙཱ་བ། ལྷ་དཔལ་སྐྱབས།