ངལ་རྩོལ་འགན་སྲུང་།

      ཡོང་ཁུངས། :      སྤེལ་དུས། : 2017-07-25 11:26:21      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

        ༡ ཅི་ཞིག་ལ་རྒན་གསོ་འགན་བཅོལ་ཟེར།

        རྒན་གསོ་འགན་བཅོལ་ལ་རྒྱལ་ཁབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ཡང་ཟེར། དེ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་སྲིད་ཇུས་ཀྱིས་གཏན་འབེབས་བྱས་པའི་བཙན་ཤུགས་ལས་ལག་བསྟར་བྱས་ཤིང་། ངལ་རྩོལ་པ་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ངལ་རྩོལ་འོས་འགན་གྱི་ངལ་རྩོལ་ལོ་ཚད་ལས་འདས་པའམ་ཡང་ན་ལོ་བགྲེས་པའི་རྐྱེན་གྱིས་ངལ་རྩོལ་བྱེད་པའི་ནུས་པ་མེད་དུས་ངལ་རྩོལ་གྱི་གོ་གནས་ལས་ཕྱིར་བུད་རྗེས་གཞི་རྩའི་འཚོ་བར་འགན་བཅོལ་ཁག་ཐེག་བྱེད་པའི་སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ལུགས་ཤིག་ཡིན།

        ༢ རང་རྒྱལ་གྱི་རྒན་གསོ་འགན་བཅོལ་ལམ་ལུགས་ནི་ག་འདྲ་ཞིག་ཡིན།

        སྤྱི་ཚོགས་ཀྱི་གཅིག་གྱུར་འཆར་འགོད་དང་མི་སྒེར་རྩིས་ཐོ་གཉིས་ཟུང་འབྲེལ་བྱས་པའི་རྒན་གསོ་འགན་བཅོལ་ནི་རང་རྒྱལ་གྱིས་འཛམ་གླིང་སྟེང་ཆེས་ཐོག་མར་གསར་གཏོད་བྱས་པའི་རྣམ་པ་གསར་བའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཤིག་ཡིན་ལ། རྒྱལ་ཁབ་དང་ལས་ཁུངས། མི་སྒེར་བཅས་ཐུན་མོང་གིས་འགན་ཁུར་ཡོད།

        ༣ ཅི་ཞིག་ལ་ངལ་རྩོལ་གན་རྒྱ་ཟེར། ངལ་རྩོལ་གན་རྒྱའི་རྩ་དོན་ནི་ཅི་ཞིག་ཡིན།

        ངལ་རྩོལ་གན་རྒྱ་ཡིས་ངལ་རྩོལ་པ་དང་མི་བཀོལ་ལས་ཁུངས་གཉིས་དབར་གྱི་ངལ་རྩོལ་འབྲེལ་བ་གཏན་འབེབས་བྱས་པ་མ་ཟད། ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན་གྲོས་མཐུན་གསལ་བོར་གཏན་ཁེལ་བྱས་ཡོད། ངལ་རྩོལ་གན་རྒྱས་ངེས་པར་དུ་ཁྲིམས་མཐུན་དང་འདྲ་མཉམ། དྲང་བཞག ཐོན་ཁུངས་འདྲ་མཉམ། གྲོས་མཐུན་གཅིག་གྱུར། དྲང་བཞག་ཡིད་རྟོན་བཅས་ཀྱི་རྩ་དོན་བརྩི་སྲུང་བྱ་དགོས།

        ༤ ངལ་རྩོལ་གན་རྒྱར་ནང་དོན་གང་དག་ཅིག་ཚང་དགོས།

        ༼ ༡ ༽མི་བཀོལ་ལས་ཁུངས་ཀྱི་མིང་དང་སྡོད་གནས། ཁྲིམས་གཏན་འཐུས་ཚབ་པ་དང་འགན་ཁུར་མི་སྣ།

        ༼ ༢ ༽ངལ་རྩོལ་པའི་མིང་དང་སྡོད་གནས། སྤྱི་དམངས་ཐོབ་ཐང་དཔང་ཡིག་གམ་ཡང་ན་ཐོབ་ཐང་དཔང་ཡིག་གཞན་པའི་ནུས་ལྡན་ཨང་གྲངས།

        ༼ ༣ ༽ངལ་རྩོལ་གན་རྒྱའི་དུས་ཡུན།

        ༼ ༤ ༽ལས་ཀའི་ནང་དོན་དང་ལས་ཀ་སྒྲུབ་སའི་ས་གནས།

        ༼ ༥ ༽ལས་ཀའི་དུས་ཚོད་དང་ངལ་གསོའི་དུས་ཚོད།

        ༼ ༦ ༽ངལ་རྩོལ་ལས་ཕོགས།

        ༼ ༧ ༽སྤྱི་ཚོགས་འགན་བཅོལ།

        ༼ ༨ ༽ངལ་རྩོལ་ལ་སྲུང་སྐྱོབ་དང་ངལ་རྩོལ་གྱི་ཆ་རྐྱེན། ལས་རིགས་ཉེན་ཁའི་འགོག་སྲུང་།

        ༼ ༩ ༽བཅའ་ཁྲིམས་དང་རྩ་ཁྲིམས་ཀྱིས་གཏན་འབེབས་ལྟར་བབ་བསྟུན་གྱིས་ངལ་རྩོལ་གན་རྒྱའི་ནང་དོན་གཞན་དག་ཡང་ནང་དུ་བཞག་ཆོག

        ༥ གནས་ཚུལ་ཇི་འདྲའི་འོག་མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ངལ་རྩོལ་གན་རྒྱ་མཚམས་བཞག་མི་ཆོག

        ༼ ༡ ༽ལས་ཀ་སྒྲུབ་སྐབས་ལས་རིགས་ཀྱི་དབང་གིས་ནད་ཚབས་ཆེན་བྱུང་བའམ་ངལ་རྩོལ་བ་ལས་གནས་ནས་མ་སོང་སྐབས་ལས་རིགས་བདེ་ཐང་ཞིབ་བཤེར་བྱེད་པའམ་ཡང་ན་ལས་རིགས་ཀྱི་དབང་གིས་ནད་བྱུང་པར་དོགས་པ། སྨན་ཁང་དུ་ལྟ་རྟོག་བྱེད་སྐབས།

        ༼ ༢ ༽ལས་ཁུངས་དེར་ལས་རིགས་ཀྱི་དབང་གིས་ནད་བྱུང་བའམ་ཡང་ན་ལས་ཀའི་དབང་གིས་རྨས་ཕོགས་པ། ལུས་ཀྱི་ཡན་ལག་གང་རུང་ཞིག་ལ་ངལ་རྩོལ་བྱེད་པའི་ནུས་པ་ཉམས་པ་གཏན་ཁེལ་བྱེད་སྐབས།

        ༼ ༣ ༽ན་ཚ་བྱུང་བའམ་གཞུང་དོན་མ་ཡིན་པའི་ལས་རྨས་ཀྱི་སྨན་བཅོས་དུས་སྐབས་སུ།

        ༼ ༤ ༽ བུད་མེད་ལས་བཟོ་བ་མངལ་ཆགས་པ་དང་བུ་བཙའ་བ། བྱིས་པར་ནུ་མ་བསྣུན་པའི་དུས་སྐབས།

        ༼ ༥ ༽ལས་ཁུངས་སུ་ལོ་ངོ་བཅོ་ལྔར་རྒྱུན་མཐུད་སྒོས་ལས་ཞུགས་བྱས་པ་དང་ལས་འཁྱུར་ངལ་གསོ་བྱེད་པའི་དུས་ཡུན་ལ་ལོ་ལྔ་མ་གཏོགས་མེད་དུས།

        ༼ ༦ ༽ བཅའ་ཁྲིམས་དང་སྲིད་འཛིན་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག

        ༦ ངལ་རྩོལ་གན་རྒྱ་བཞག་ན་ཁྱོད་ལ་ཕན་པ་ཅི་ཞིག་ཡོད།

        ངལ་རྩོལ་གན་རྒྱ་ཡིས་གཙོ་བོ་ཁྱོད་དང་མི་བཀོལ་ལས་ཁུངས་དབར་གྲོས་མཐུན་ངང་ལས་ཕོགས་ཚད་ལྡན་དང་། ལས་ཀའི་ནང་དོན་སོགས་ཟིན་ཐོ་རུ་འཁོད་ཡོད་ལ། དེས་ཁྱོད་ནི་ལས་ཁུངས་དེའི་ལས་བཟོ་བ་དང་ཁྱོད་ནི་ཅི་ཞིག་བྱེད་མཁན་ཡིན་པ། ལས་ཕོགས་ག་ཚོད་ཅིག་ཡོད་པ། དེ་མིན་ཁྱོད་ཀྱིས་ལས་ཁུངས་དེར་ལས་ཀ་སྒྲུབ་པའི་དུས་ཡུན་སོགས་བདེན་དཔང་བྱས་ཡོད་པས། གལ་ཏེ་རྗེས་ཕྱོགས་ཁྱོད་དང་ལས་ཁུངས་དེའི་དབར་དུ་རྩོད་གླེང་བྱུང་ཚེ། ངལ་རྩོལ་གན་རྒྱ་ནི་རྩོད་གླེང་དེ་ཐག་གཅོད་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན།

        ༧ མི་བཀོལ་ལས་ཁུངས་ཀྱིས་ལས་མི་བསྡུ་སྐབས་བྱ་སྤྱོད་གང་དག་ལ་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱེད་པ་ཡིན།

        ༼ ༡ ༽ལས་བསྡུའི་ཆ་འཕྲིན་རྫུན་མ་མཁོ་སྤྲོད་བྱེད་པ།

        ༼ ༢ ༽ལས་བསྡུ་བྱེད་སྐབས་ཁྲིམས་མཐུན་དཔང་ཡིག་མེད་པ།

        ༼ ༣ ༽ལས་འཚོལ་བ་ལ་ལས་བསྡུའི་རིན་པ་བསྡུ་ལེན་བྱེད་པ།

        ༼ ༤ ༽ལས་བསྡུ་མི་སྣར་འགན་བཅོལ་མ་དངུལ་དང་གཏའ་དངུལ་ལེན་པ།

        ༼ ༥ ༽ལས་བསྡུ་མི་སྣའི་ཐོབ་ཐང་དཔང་ཡིག་སོགས་བཙན་ཉར་བྱེད་པ།

        ༼ ༦ ༽ལས་བསྡུ་མི་སྣའི་མིང་ཐོག་ནས་ཚུལ་མིན་ཁེ་སྤོགས་སམ་ཁྲིམས་འགལ་གྱི་བྱ་འགུལ་གཞན་དག་སྤེལ་བ།

        ༨ མི་བཀོལ་ལས་ཁུངས་ཀྱིས་དུས་ལྟར་གླ་ཕོགས་མ་བྱིན་ཚེ་ཇི་ལྟར་བྱ།

        ༼ ༡ ༽ས་གནས་དེ་གའི་ངལ་རྩོལ་འགན་སྲུང་ལྟ་སྐུལ་ལས་ཁུངས་ལ་ཞུ་གཏུག་སྙན་ཞུ་བྱེད་པ།

        ༼ ༢ ༽ས་གནས་དེ་གའི་ངལ་རྩོལ་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་འདུམ་གཅོད་རེ་ཞུ་བྱས་ཆོག མཉམ་འཇོག་བྱ་དགོས་པ་ནི་ངལ་རྩོལ་རྩོད་གླེང་བྱུང་བ་ནས་ཉིན་60ཡི་ནང་ངལ་རྩོལ་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་རེ་ཞུ་འབུལ་དགོས།

        ༼ ༣ ༽ཞུ་གཏུག་བརྒྱུད་ནས་ཐག་གཅོད་བྱས་ཆོག

        ༩ ལས་རྨས་པ་སྨན་ཁང་དུ་ཞག་སྡོད་བྱེད་དུས་གླ་ཕོགས་མཚམས་བཞག་ཆོག་གམ།

        ལས་བཟོ་པར་ལས་རྨས་ཐེབས་རྗེས་ལས་མཚམས་བཞག་ན་ཡང་ལས་ཕོགས་དུས་ལྟར་སྟེར་པའི་དམིགས་གསལ་ལོངས་སུ་སྤྱད་ཆོག དུས་སྐབས་དེར་ལས་ཁུངས་ཀྱིས་ལས་ཕོགས་མཚམས་བཞག་མི་ཆོག་པར་ལས་བཟོ་པ་ལ་རྒྱུན་ལྡན་གྱི་ལས་ཀའི་ཚད་གཞི་ལྟར་མུ་མཐུད་དུ་ལས་ཕོགས་སྟེར་དགོས།

        ༡༠ ལས་རྨས་གསལ་འབྱེད་བྱེད་པར་རྒྱུ་ཆ་གང་དག་ཅིག་ཚང་དགོས།

        ༼ ༡ ༽ ངལ་རྩོལ་འབྲེལ་བའི་བདེན་དཔང་། དེའི་ནང་དུ་ངལ་རྩོལ་གན་རྒྱ། ལས་ཀའི་དཔང་ཡིག འགྲོ་སྐྱོད་དཔང་ཡིག སྤྱི་ཚོགས་སྤྱི་ཚོགས་འགན་བཅོལ་མ་དངུལ་སྤྲད་པའི་དཔང་ཡིག ལས་ལྭ། གཏའ་དངུལ་སོགས་འདུས།

        ༼ ༢ ༽ལས་རྨས་སྐབས་ཀྱི་བདེན་དཔང་རྒྱུ་ཆ་ལ། དེའི་ཁོངས་སུ་ལས་གྲོགས་ཀྱི་བདེན་ཚིག་དང་ལས་ཁུངས་ཀྱི་རྩད་ཞིབ་རྒྱུ་ཆ་སོགས་འདུས།

        ༼ ༣ ༽སྨན་བཅོས་ལས་ཁུངས་ཀྱིས་བརྟག་དཔྱད་དཔང་ཡིག་དང་། ལས་རྨས་ཀྱི་བྱེ་བྲག་གནས་ཚུལ་གྱི་དཔང་ཡིག

        ལོ་ཙཱ་བ། ལྷ་དཔལ་སྐྱབས།