ཞིང་གྲོང་གི་ས་ཞིང་འགན་གཙང་ལེན་དོ་དམ་སྐོར་གྱི་ཁྲིམས་སྲོལ།

ཡོང་ཁུངས། :      སྤེལ་དུས། : 2017-07-26 09:54:06      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

  ༡ སུ་ཞིག་ལ་ཞིང་གྲོང་གི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་ཡོད།

  ཞིང་གྲོང་གི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས་ལས་གཏན་འབེབས་བྱས་པ་ལྟར་ན། ས་ཞིང་གི་འགན་གཙང་ལེན་ཚོང་གཉེར་དབང་ཆའི་འཁོར་རྒྱུགས་ཁྲོད་ཀྱི་གཞན་གླས་རིན་གོང་དང་གཏའ་དངུལ། གླ་ཡོན་སོགས་ལ་ཕྱོགས་གཉིས་ཀྱིས་འོས་འཚམ་གྱི་གྲོས་མཐུན་བྱས་ཆོག་ལ། འཁོར་སྐྱོད་ཀྱི་ཁེ་ཕན་དེ་འགན་གཙང་ལེན་བྱ་མཁན་ལ་དབང་བས་རྩ་འཛུགས་དང་མི་སྒེར་སུས་ཀྱང་རང་སྣང་གང་ཤར་གྱིས་བཀག་གཉེར་དང་བསྡུ་ལེན་ཐེ་གཏོགས་བྱས་མི་ཆོག

  ༢ ས་ཞིང་འགན་གཙང་ལེན་ཁྲོད་ཕོ་མོ་འདྲ་མཉམ་ཡིན་ནམ།

  ས་ཞིང་འགན་གཙང་ལེན་བཅའ་ཁྲིམས་ལས་གཏན་འབེབས་བྱས་པ་ལྟར་ན། ཞིང་གྲོང་གི་ས་ཞིང་འགན་གཙང་ལེན་ཐད་བུད་མེད་དག་གིས་ཕོ་མོ་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱད་ཆོག་པས། རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་བཤུ་གཞོག་བྱས་མི་ཆོག་པ་ལ། བུད་མེད་དག་གིས་འགན་གཙང་ལེན་བྱས་ཆོག་པའི་ས་ཞིང་གི་ཚོང་གཉེར་བདག་དབང་ལ་གནོད་འཚེ་བྱེད་པའི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་སྤྱོད་ནི་མངོན་གསལ་གྱི་ཁྲིམས་འགལ་ཡིན།

  ༣ མི་སྒེར་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་བར་བཞག་པའི་འགན་གཙང་ལེན་གྱི་གན་རྒྱ་སྡེ་བའི་ལས་བྱེད་རྗེས་སོར་བྱས་པ་ལས་འགྱུར་བ་བྱུང་ངམ།

  ཞིང་གྲོང་གི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས་ལས་གཏན་འབེབས་བྱས་པ་ལྟར་ན། འགན་གཙང་ལེན་གྱི་གན་རྒྱར་ནུས་ཆོད་དུས་ཡུན་ནང་འགན་གཙང་ལེན་གླ་ཡུལ་གྱིས་གཙོ་སྒྲུབ་མི་སྣ་དང་འགན་ཁུར་མི་སྣ་བརྗེས་སོར་བྱས་པ་ལ་རྐྱེན་བྱས་ཏེ་གན་རྒྱ་མེད་པར་གཏོང་བའམ་འགྱུར་བ་བྱུང་དུ་འཇུག་མི་རུང་། གལ་ཏེ་ཕ་རོལ་བོས་བཙན་གྱིས་གན་རྒྱར་འགྱུར་བ་གཏོང་ན་ཡུལ་ཚོའི་སྲིད་གཞུང་ལ་ཡར་ཞུ་བྱེད་པའམ་ཞིང་སྡེ་ས་ཞིང་འགན་གཙང་ལེན་འདུམ་འགྲིག་ལས་ཁུངས་ལ་འདུམ་འགྲིག་རེ་ཞུ་བྱ་དགོས།

  ༤ རང་ཉིད་ཀྱིས་འགན་གཙང་ལེན་བྱས་པའི་རྩྭ་སར་གང་འདོད་དུ་གསོ་སྤེལ་གཞི་ཁྱོན་རྒྱ་བསྐྱེད་བྱས་ཆོག་གམ།

  རྩྭ་སའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། རྩྭ་ས་འགན་གཙང་ལེན་བྱ་མཁན་གྱིས་རྩྭ་ས་བབ་བསྟུན་ལུགས་མཐུན་སྒོས་བེད་སྤྱོད་བྱེད་པ་ལས། རྩྭ་སའི་སྲིད་འཛིན་དོ་དམ་སྡེ་ཁག་གིས་གཏན་ཁེལ་བྱས་པའི་ཕྱུགས་ཟོག་གི་ཤོང་ཚད་ལས་མི་བརྒལ་བར་རྩྭ་སའི་སྐྱེ་ཁམས་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱ་དགོས། གལ་ཏེ་གང་འདོད་ཀྱིས་ཕྱུགས་ཟོག་གསོ་སྤེལ་གྱི་གཞི་ཁྱོན་རྒྱ་བསྐྱེད་བཏང་ན་རྩྭ་སར་ཤོང་ཚད་ལས་བརྒལ་བ་དང་། རྩྭ་ཐང་གི་རང་བྱུང་སྐྱེ་ཁམས་ལ་ཡང་གནོད་སྐྱོན་ཐེབས་ངེས།

  ༥ རང་ཉིད་ཀྱིས་འགན་གཙང་ལེན་བྱས་པའི་རྩྭ་སའི་སྟེང་སྦོལ་བའི་རྨོ་ཞིང་དེ་ཁྲིམས་མཐུན་ཡིན་ནམ།

  རྩྭ་སའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། རྩྭ་ས་གང་འདོད་དུ་གསར་སྦོལ་བྱེད་མི་རུང་། རྩྭ་ས་འགན་གཙང་ལེན་བྱེད་མཁན་གྱི་མི་སྒེར་དང་ལས་ཁུངས་དག་གིས་འགན་གཙང་ལེན་གྱི་གན་རྒྱའི་ནང་དོན་ལྟར་རྩྭ་ས་བེད་སྤྱོད་བྱེད་དགོས། རྩྭ་ས་གང་འདོད་དུ་གསར་སྦོལ་བྱས་ཏེ་རྩྭ་སའི་སྤྱོད་སྒོ་བསྒྱུར་བ་ན། དེ་ནི་གན་རྒྱའི་ནང་དོན་ལ་འགལ་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བ་ཡང་ཡིན།

  ༦ གནས་ལ་སོང་བའི་བུད་མེད་ཀྱིས་འགན་གཙང་ལེན་བྱས་པའི་ཞིང་ས་ཕྱིར་བསྡུ་བྱས་ཆོག་གམ།

  ཞིང་གྲོང་གི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། བུད་མེད་ཀྱིས་འགན་གཙང་ལེན་བྱས་པའི་དུས་ཡུན་ནང་གཉེན་སྒྲིག་བྱས་པ་དང་། གནས་སྡོད་བྱེད་ཡུལ་གསར་བ་རུ་ས་ཞིང་འགན་གཙང་ལེན་བྱེད་མ་ཐུབ་ཚེ། སྔོན་ཆད་འགན་གཙང་ལེན་བྱེད་པའི་ཞིང་ས་དེ་ཕྱིར་བསྡུ་བྱས་མི་ཆོག

  ༧ འགན་གཙང་ལེན་བྱས་པའི་ཞིང་ས་དེ་བོགས་གཏོང་བྱས་ཆོག་གམ།

  ཞིང་གྲོང་གི་ས་ཞིང་འགན་ལེན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཁྱིམ་ཚང་གིས་འགན་གཙང་ལེན་བྱས་པའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ་རང་ལ་ཐོབ་ན། མི་གཞན་ལ་སྒྲུབ་འགན་བརྒྱུད་སྤྲོད་བྱེད་པ་དང་བོགས་གཏོང་། ཕན་ཚུན་བརྗེ་རེས། གཞན་ལ་བཙོངས་པ་བྱེད་ཐབས་གཞན་དག་བརྒྱུད་དེ་འཁོར་སྐྱོད་བྱས་ཆོག ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆའི་འཁོར་སྐྱོད་ཁྲོད་ས་ཞིང་གི་དབང་ཆའི་ངོ་བོ་དང་ས་ཞིང་གི་ཞིང་ལས་བེད་སྤྱོད། འཁོར་སྐྱོད་དུས་བཅད་སོགས་ནི་འགན་ལེན་བྱས་པའི་དུས་ཡུན་ལས་བརྒལ་མི་རུང་།

  ༨ འགན་གཙང་ལེན་དབང་ཆ་བོགས་མར་བཏང་རྗེས་དེ་སྔའི་འགན་གཙང་ལེན་གྱི་འབྲེལ་བར་འགྱུར་བ་བྱུང་སྲིད་དམ།

  ཞིང་གྲོང་གི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། འགན་གཙང་ལེན་མཁན་གྱིས་དུས་ཡུན་ངེས་ཅན་གྱི་ནང་ས་ཞིང་འགན་གཙང་ལེན་གྱི་ཆ་ཤས་སམ་ཡང་ན་བདག་གཉེར་དབང་ཆ་ཡོད་ཚད་ཕྱོགས་གསུམ་པ་ལ་བོགས་གཏོང་བྱས་ཆོག་མོད། འོན་ཀྱང་འགན་གཙང་ལེན་ཐད་ཀྱི་བྱ་ཡུལ་དང་བྱེད་ཡུལ་གྱི་འབྲེལ་བ་ལ་འགྱུར་བ་བྱུང་མི་སྲིད།

  ༩ འགན་གཙང་ལེན་གྱི་སྐབས་སུ་ས་ཞིང་ཁྲིམས་ལྟར་བསྡུས་སྤྱོད་བྱས་ཚེ་ཇི་ལྟར་བྱ།

  ཞིང་གྲོང་གི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། འགན་གཙང་ལེན་གྱི་སྐབས་སུ་ས་ཞིང་ཁྲིམས་ལྟར་བསྡུས་སྤྱོད་བྱས་པ་ན། བསྡུས་སྤྱོད་མཁན་གྱིས་འགན་གཙང་ལེན་མཁན་ལ་ལུགས་མཐུན་གྱིས་ཁ་གསབ་སྤྲོད་དགོས།

  ༡༠ ས་ཞིང་འགན་གཙང་ལེན་གྱི་དབང་ཆ་རྒྱུན་འཛིན་བྱས་ཆོག་གམ།

  ཞིང་གྲོང་གི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ས་ཞིང་འགན་གཙང་ལེན་མཁན་ཚེ་ལས་འདས་རྗེས། འགན་གཙང་ལེན་ལ་འཐོབ་འོས་པའི་འགན་གཙང་ལེན་གྱི་ཁེ་སྤོགས་དེ། ཤུལ་འཛིན་བཅའ་ཁྲིམས་གྱི་གཏན་འབེབས་ལྟར་ཤུལ་འཛིན་བྱ་ཆོག གལ་ཏེ་ས་ཞིང་གི་འགན་གཙང་ལེན་དུས་ཡུན་ལོངས་མེད་ཚེ། ཁྱིམ་མིས་མུ་མཐུད་དུ་བདག་གཉེར་བྱས་ནས། དུས་ཡུན་ལོངས་བ་ན་ད་བཟོད་ཕྱིར་སྤྲོད་དགོས།

  ལོ་ཙཱ་བ། ལྷ་དཔལ་སྐྱབས།