བཅའ་ཁྲིམས་རོགས་སྐྱོར།

      ཡོང་ཁུངས། :      སྤེལ་དུས། : 2017-07-27 11:00:09      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

        ༡ ཅི་ཞིག་ལ་བཅའ་ཁྲིམས་རོགས་སྐྱོར་ཟེར།

        བཅའ་ཁྲིམས་རོགས་སྐྱོར་ནི་སྲིད་གཞུང་གི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་རྩ་འཛུགས་བྱས་པའི་བཅའ་ཁྲིམས་རོགས་སྐྱོར་ཀྱི་ཁྲིམས་རྩོད་པ་སྟེ། དཔལ་འབྱོར་ཐད་དཀའ་ཁག་ཡོད་པ་དང་དམིགས་གསལ་གྱི་གྱོད་དོན་ཅན་ལ་རིན་མེད་སྒོས་བཅའ་ཁྲིམས་ཞབས་ཞུ་མཁོ་སྤྲོད་བྱེད་པའི་འགན་སྲུང་ལམ་ལུགས་ཤིག་ཡིན།

        ༢ བཅའ་ཁྲིམས་རོགས་སྐྱོར་ལ་གླ་རིན་འཇལ་དགོས་སམ།

        བཅའ་ཁྲིམས་རོགས་སྐྱོར་ནི་ཁྱོན་ཡོངས་ནས་རིན་མེད་ཡིན་ལ། བཅའ་ཁྲིམས་རོགས་སྐྱོར་ཐོབ་རྗེས། ཁྱོད་ཀྱིས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དང་ཡང་ན་བཅའ་ཁྲིམས་རོགས་སྐྱོར་མི་སྣ་ལ་རིན་པ་ཅི་ཡང་སྤྲོད་མི་དགོས།

        ༣ མི་གང་དག་ལ་དམིགས་བཀར་གྱིས་སྔོན་དུ་བཅའ་ཁྲིམས་རོགས་སྐྱོར་ཐོབ་སྲིད།

        དབང་བོ་སྐྱོན་ཅན་དང་རྒན་པ། ནར་མ་སོན་པའི་མི། ཞིང་བ་དང་བཟོ་བ་སོགས་ཀྱིས་རེ་འདུན་ཞུ་ཡིག་བཏོན་པ་ན་དམིགས་བཀར་གྱིས་སྔོན་དུ་བཅའ་ཁྲིམས་རོགས་སྐྱོར་ཐོབ་སྲིད།

        ༤ བཅའ་ཁྲིམས་རོགས་སྐྱོར་བྱ་ཡུལ་ནི་གང་ཡིན།

        ༼ ༡ ༽དོ་བདག་ལ་དཔལ་འབྱོར་ཐད་དཀའ་ཁག་ཡོད་པ། བཅའ་ཁྲིམས་ཞབས་ཞུའི་རིན་པ་སྤྲོད་པའི་ནུས་པ་ཞན་པའམ་ནུས་པ་ཁྱོན་ནས་མེད་པ།

        ༼ ༢ ༽ལོང་བ་དང་འོན་པ། ལྐུགས་པ། ནར་མ་སོན་པའི་མི་བཅས་ལ་ཉེས་དོན་ཞུ་གཏུག་དང་ཉེན་དོན་དོགས་གཞི་ལྡན་དུས། མངགས་བཅོལ་དག་འབུད་བྱེད་པའི་ཁྲིམས་རྩོད་པ་མེད་ན་ངེས་པར་དུ་བཅའ་ཁྲིམས་ཀྱི་རོགས་སྐྱོར་འཐོབ་ངེས།

        ༼ ༣ ༽དབང་བོ་སྐྱོན་ཅན་དང་རྒན་པ་ལ་ཉེན་དོན་ཞུ་གཏུག་དང་ཉེན་དོན་དོགས་གཞི་ལྡན་དུས། དཔལ་འབྱོར་དཀའ་ཁག་གི་དབང་གིས་དག་འབུད་ཁྲིམས་རྩོད་པ་གདན་འདྲེན་བྱེད་པའི་ནུས་པ་མེད་ན། བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་ངེས།

        ༼ ༤ ༽ ཕལ་ཆེར་སྲོག་ཁྲིམས་སམ་ཚེ་བཙོན་གཅོད་རྒྱུའི་ཉེས་དོན་ཞུ་གཏུག་མཁན་ལ་མངགས་བཅོལ་དག་འབུད་བྱེད་པའི་ཁྲིམས་རྩོད་པ་མེད་ཚེ། བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་ངེས།

        ༥ བཅའ་ཁྲིམས་རོགས་སྐྱོར་གྱིས་ཁྱེད་ལ་ཞབས་ཞུ་གང་དག་བསྒྲུབ་ངེས།

        ༼ ༡ ༽འདྲི་རྟོག སྤྱི་དམངས་ཀྱིས་བཏོན་པའི་ཆེད་ལས་འདྲི་ཚིག་ལ་འགྲེལ་བཤད་བྱེད་པ།

        ༼ ༢ ༽ཞུ་དོན་ཚབ་འདྲི། བཅའ་ཁྲིམས་ཡིག་ཆའི་རིགས་ལ་མ་ཕྱི་བྲིས་ནས། ཞུ་གཏུག་དང་ཞུ་གཏུག་མ་ཡིན་པའི་བརྒྱུད་རིམ་ལ་ཡིག་ཆ་གྲ་སྒྲིག་དང་མཁོ་སྤྲོད་བྱེད་པ།

        ༼ ༣ ༽གཏུག་བཤེར་མ་ཡིན་པ་ལ་བཅའ་ཁྲིམས་རོགས་སྐྱོར། དོ་བདག་གི་ཚབ་བྱས་ཏེ་བར་འདུམ་དང་འདུམ་སྒྲིག འདུམ་འགྲིག་བཅས་ཀྱི་ཁྲོད་ཟབ་ཞུགས་བྱེད་པ།

        ༼ ༤ ༽གཏུག་བཤེར་བཅའ་ཁྲིམས་རོགས་སྐྱོར། དོ་བདག་གི་ཚབ་བྱས་ཏེ་དམངས་དོན་ཞུ་གཏུག་དང་སྲིད་དོན་ཞུ་གཏུག་ཁྲོད་ཟབ་ཞུགས་བྱེད་པ། ཉེས་དོན་ཞུ་གཏུག་ཁྲོད་ཞུ་གཏུག་མཁན་གྱི་དག་འབུད་དང་གཞུང་གཏུག་གྱོད་དོན་ཁྲོད་ཀྱི་གནོད་འཚེ་ཐེབས་མཁན། སྒེར་ཕྱོགས་ཞུ་གཏུག་མཁན་གྱི་འཐུས་ཚབ་པ་སོགས་ཀྱི་འགན་ཁུར་དགོས།

        ༦ བཅའ་ཁྲིམས་རོགས་སྐྱོར་ལ་རྒྱུ་ཆ་གང་དག་སྤྲོད་དགོས།

        ༼ ༡ ༽ བཅའ་ཁྲིམས་རོགས་སྐྱོར་གྱི་རེ་ཞུའི་རེའུ་མིག དེར་རེ་ཞུ་མཁན་གྱི་གཞི་རྩའི་གནས་ཚུལ་དང་བཅའ་ཁྲིམས་རོགས་སྐྱོར་ལ་རེ་ཞུ་བྱེད་པའི་དོན་དངོས་དང་རྒྱུ་རྐྱེན། རེ་ཞུ་མཁན་གྱི་དཔལ་འབྱོར་གནས་ཚུལ། རེ་ཞུ་མཁན་གྱིས་མཁོ་སྤྲོད་གནང་བའི་བདེན་དཔང་དང་བདེན་དཔང་རྒྱུ་ཆའི་རྩིས་ཐོ། རེ་ཞུ་མཁན་གྱིས་འདོན་སྤྲོད་གནང་བའི་བདེན་དཔང་དང་བདེན་དཔང་རྒྱུ་ཆ་དོན་དངོས་ཡིན་པར་ཁག་ཐེག་དང་གསལ་བསྒྲགས་བྱ་དགོས།

        ༼ ༢ ༽ སྡོད་དམངས་ཐོབ་ཐང་དཔང་ཡིག ཁྱིམ་ཐོའི་བདེན་དཔང་། ཡང་ན་ནུས་ལྡན་དཔང་ཡིག་གཞན་དག

        ༼ ༣ ༽རེ་ཞུ་མཁན་གྱི་སྡོད་གནས་སམ་ཁྱིམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་སྲིད་གཞུང་། སྲང་ལམ་དོན་གཅོད་ཁྲུའུ། རེ་ཞུ་མཁན་སྡོད་སའི་ལས་ཁུངས་ཀྱི་ངལ་རྩོལ་ཐོབ་ཐང་། མི་དོན་སྡེ་ཁག་བཅས་ཀྱིས་བཏོན་པའི་རེ་ཞུ་མཁན་དང་ཁྱིམ་ཚང་གི་ཁོངས་མིའི་དཔལ་འབྱོར་གྱི་གནས་ཚུལ་བདེན་དཔང་།

        ༼ ༤ ༽ བཅའ་ཁྲིམས་རོགས་སྐྱོར་ལ་རེ་ཞུ་བྱེད་པར་འབྲེལ་བའི་བདེན་དཔང་དང་བདེན་དཔང་རྒྱུ་ཆ།

        ༼ ༥ ༽ བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་མཁོ་སྤྲོད་བྱ་དགོས་པའི་རྒྱུ་ཆ་གཞན་དག

        ༧ བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་སའི་ལས་ཁུངས།

        ༼ ༡ ༽གྱོད་དོན་ཐོ་འགོད་བྱས་ཟིན་པའི་ཉེས་དོན་དང་དམངས་དོན། སྲིད་དོན་སོགས་ཞུ་གཏུག་གྱོད་དོན་ནི། བདག་སྐྱོང་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་གནས་སའི་རིམ་ལྡན་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ལ་བདག་སྤྲོད་བྱ་ཆོག

        ༼ ༢ ༽ཁྲིམས་ཁང་གི་ཐག་གཅོད་བརྒྱུད་མི་དགོས་ཤིང་ཞུ་གཏུག་མ་ཡིན་པའི་བཅའ་ཁྲིམས་ལས་དོན། རེ་ཞུ་མཁན་གྱི་སྡོད་གནས་སམ་ལས་ཁུངས་ཡོད་སའི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ལ་བདག་སྤྲོད་བྱ་ཆོག

        ༼ ༣ ༽བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་གཉིས་སམ་ཡང་ན་གཉིས་ཡན་ལ་གྱོད་དོན་གཅིག་ཆ་སྙོམས་ཀྱི་བདག་སྐྱོང་དབང་ཆ་ལྡན་ན། ཆེས་ཐོག་མར་རེ་ཞུ་བྱས་པའི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཡིས་བདག་སྐྱོང་དབང་ཆ་དང་ལེན་བྱ་དགོས།

        ལོ་ཙཱ་བ། ལྷ་དཔལ་སྐྱབས།