རྒྱལ་ཡོངས་ཀྱི་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་དཔེ་བཟང་གི་འོས་མི།

ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-07-28 15:34:15      རྩོམ་སྒྲིག་པ། : ཡེ་ཤེས །
 
 
       ཉི་མ་ཚེ་རིང་། ཕོ། བོད་རིགས། 1978ལོའི་ཟླ་10པར་སྐྱེས། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་གི་ཡོན་ཀྲང་།

  ཉི་མ་ཚེ་རིང་ནི་བོད་མི་དཀྱུས་མ་ཞིག་ཡིན་མོད། ཁོང་གི་ལུས་ཐོག་ནས་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་མངོན་བཞིན་ཡོད་ཅིང་། བདེ་སྐྱིད་ཀྱི་ཚོར་སྣང་དེ་གཞན་ཕན་བྱ་བ་བསྒྲུབ་རྒྱུར་དགའ་བའི་ཁོང་གི་བྱམས་སེམས་ལས་བྱུང་བ་ཞིག་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་དགེ་སྒྲུབ་བྱ་གཞག་ཏན་ཏིག་སྒྲུབ་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་ཕན་བདེ་ཁང་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དྭ་ཕྲུག་ལ་རོགས་སྐྱོབ་བྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཕྲུ་གུ་ཚོར་ཕན་པའི་བྱ་བ་བཟང་པོ་མང་དག་ཅིག་བསྒྲུབས་ཡོད།

  ཉི་མ་ཚེ་རིང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་སྐྱེས་པ་དང་། ཟླ་9ལ་སོན་སྐབས་ཁོང་གི་ཨ་མར་ནད་གཞི་ཕོག་ནས་ཚེ་ལས་འདས་པ་དང་། ལོ་18སོན་སྐབས་ཁོ་བོའི་ཕ་ཡང་གྲོངས། རང་གི་མྱོང་བ་དངོས་ལས་དྭ་ཕྲུག་གི་འཚོ་བར་མྱོང་ཚོར་ཟབ་མོ་ཡོད་སྟབས་ཕྲུ་གུ་ཚོར་བརྩེ་སེམས་འཆང་དགོས་པ་དང་བྱམས་སྐྱོང་དེ་བས་བྱེད་དགོས་ལུགས་ཤེས་རྟོགས་ཟབ་མོ་ཐུབ་ཀྱི་ཡོད 1997ལོར་ལོ་19ལ་སླེབས་པའི་ཉི་མ་ཚེ་རིང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་རུ་སླེབས་ནས་རིག་དངོས་ཐོ་འགོད་དང་ཕོ་བྲང་པོ་ཏ་ལའི་གནས་བཤད་རྒྱག་པའི་ལས་ཀ་བྱེད་འགོ་ཚུགས། དེ་རྗེས་ཁོང་གིས་གཏན་འཇགས་ལས་ཀ་དེ་དོར་ནས་ཚོང་གཉེར་ལས་ལ་གཞོལ་ཏེ་སླད་ཕྱིན་གྱི་དགེ་སྒྲུབ་བྱ་གཞག་ལ་དཔལ་འབྱོར་གྱི་རྨང་གཞི་བཏིངས། 2007ལོ་ནས་བཟུང་ཁོང་གིས་སྦག་སྦག་བཏང་ནས་ཐག་རིང་ལུང་ཁུག་གི་ས་ཆ་མང་པོར་བསྐྱོད་དེ་རོགས་རམ་མཁོ་བའི་དྭ་ཕྲུག་བཙལ། ཀྱག་ཀྱོག་གི་རི་ལམ་དུ་སྦག་སྦག་ཐེངས་མང་འགྱེལ་རུང་། ཁོང་གིས་ཡར་ལངས་ནས་སླར་ཡང་མདུན་ཕྱོགས་སུ་སྐྱོད། དཀའ་ཚེགས་ཆེ་བའི་ལམ་ཐག་རིང་པོར་བསྐྱོད་ནས་ཁོང་གིས་རིན་སྤུངས་རྫོང་དང་། རྒྱལ་རྩེ་རྫོང་། གཞིས་རྩེ་གྲོང་ཁྱེར་སོགས་ནས་དྭ་ཕྲུག་13སྔ་རྗེས་སུ་གསོས། 2008ལོར་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཉི་མ་ཚེ་རིང་གིས་གཞིས་རྩེ་གྲོང་ཁྱེར་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་བཙུགས་པ་རེད།

  གཞིས་རྩེ་གྲོང་ཁྱེར་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་བཙུགས་རྗེས། ཉི་མ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་དགེ་སྒྲུབ་བྱ་གཞག་ཏན་ཏིག་སྒྲུབ་པའི་རང་ཉིད་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་ཕན་བདེ་ཁང་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དྭ་ཕྲུག་རོགས་སྐྱོབ་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ད་ཆ་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་དུ་ས་ཆ་མི་འདྲ་བ་ནས་ཡིན་པའི་དྭ་ཕྲུག་27འཚོ་བ་སྐྱེལ་བཞིན་ཡོད་པ་དང་ ཁོ་ཚོ་ཚང་མ་ནི་ཉི་མ་ཚེ་རིང་ངོ་མས་ཁོ་ཚོའི་གནས་ཚུལ་ཤེས་རྟོགས་བྱས་རྗེས་རེ་རེ་བཞིན་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་དུ་བསུས་པ་ཤ་སྟག་རེད། ཕྲུ་གུ་དེ་དག་ལ་ཉི་མ་ཚེ་རིང་དང་ཕན་བདེ་ཁང་གི་ལས་དོན་མི་སྣས་སེམས་ནུས་ཡོད་རྒུས་ལྟ་སྐྱོང་དང་སློབ་སྟོན་བྱས་ཏེ་སློབ་གྲྭར་བསྐྱལ་པས་དངོས་གཞིའི་སློབ་གྲྭའི་སློབ་གསོ་དང་དུ་ལེན་ཐུབ་ཡོད། དུས་རྒྱུན་འཚོ་བའི་ཁྲོད་ཉི་མ་ཚེ་རིང་གིས་ཕྲུ་གུ་ཚོར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་ཕྲུ་གུ་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་རྗེས་སུ་མེས་རྒྱལ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་པ་ཕུད། ད་དུང་དུས་རྟག་ཏུ་མི་སེམས་བཟང་པོ་ཞིག་དང་གཞན་ལ་གཅེས་སྐྱོང་བྱེད་པའི་བསམ་བློ་འཆང་དགོས་ལུགས་ཤེས་རྟོགས་ཐུབ་པ་བྱས་ཡོད། ཁོང་གིས་རང་ཉིད་ཀྱི་གཅེས་སེམས་ལ་བརྟེན་ནས་ཕྲུ་གུ་ཚོའི་ཕུགས་འདུན་འགྲུབ་རོགས་བྱེད་པ་དང་། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕྲུ་གུ་ཚོའི་མ་འོངས་ལ་སྣེ་ཁྲིད་བྱེད་པ། རང་ཉིད་ཀྱི་འགན་སེམས་ལ་བརྟེན་ནས་ཕྲུ་གུ་ཚོའི་ཆེད་དུ་འགན་ཧུར་ཐག་འཁུར་གྱི་ཡོད།

  2013ལོའི་ཟླ་11པའི་ཟླ་མཇུག་ཏུ་ཉི་མ་ཚེ་རིང་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་སྐབས་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་དང་བླངས་པའི་ཨེ་ཙེའི་འགོས་ནད་སྔོན་འགོག་གི་དྲིལ་བསྒྲགས་དང་སློབ་གསོ་སྦྱོང་ནང་ཞུགས། དེ་རྗེས་ཉི་མ་ཚེ་རིང་གིས་དང་བླངས་པའི་མིང་ཐོག་ནས་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་ས་ཁུལ་བཅས་ཀྱི་སློབ་གྲྭ་དང་། ཚན་པ། གཞི་རིམ་བཅས་སུ་ཨེ་ཙེའི་འགོ་ནད་སྔོན་འགོག་གི་སྒྲོག་འགྲེལ་བྱེད་སྒོ་ཐེངས་400ལྷག་ཙམ་སྤེལ་ཡོད་པས། བོད་ལྗོངས་ས་ཁུལ་གྱི་ཨེ་ཙེའི་འགོ་ནད་འགོག་བཅོས་དྲིལ་བསྒྲགས་ཀྱི་གདོང་ལེན་པར་གྱུར་པས་འབྲེལ་ཡོད་འཕྲོད་བསྟེན་སྒྲིག་གཞིའི་ཁས་ལེན་ཐོབ་ཡོད་ལ་མང་ཚོགས་ཀྱི་གདེང་འཇོག་ཀྱང་ཡག་པོ་ཐོབ་ཡོད། ཉི་མ་ཚེ་རིང་ལ་བོད་རང་སྐྱོང་ལྗོངས་གཞིས་རྩེའི“མི་སྣ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད།