ཡུལ་ཤུལ་ཁུལ་གྱིས་ཏང་ཡོན་སློབ་ཁྲིད་ལ་ཤུགས་བསྣན་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-31 14:41:20      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོའི་ཚུན་ལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་འབྲོག་ཁུལ་གྱི་ས་རྒྱ་ཆེ་བ་དང་།ཏང་ཡོན་གཅིག་འདུས་བྱེད་དཀའ་བ། གསོ་སྦྱོང་བྱེད་དཀའ་བ་སོགས་ཀྱི་གནད་དོན་དངོས་ལ་གཞིགས་ཏེ།གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་གསོའི་སློབ་སྦྱོང་དང་གསུམ་སྦྲེལ་བཞི་བསྒྲུབ་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་པ་དང་།སྐོར་སྐྱོད་སློབ་ཁྲིད་བྱེད་པའི་ཐབས་ལམ་བརྒྱུད་དེ།འབྲོག་ཁུལ་གྱི་ཏང་གི་སློབ་གསོའི་བརྟན་འཇགས་རང་བཞིན་ལ་སྐུལ་སྤེལ་བྱས།ད་སྔའི་བར་དུ། ཁུལ་ཡོངས་ཀྱིས་ཏང་གི་སློབ་གསོའི་སྐོར་སྐྱོད་སློབ་ཁྲིད་བྱེད་པའི་དྲིལ་སྒྲོག་ཐེངས360ལ་སྤེལ་བ་དང་།འབྲོག་མིའི་ཏང་ཡོན་མི12000ལྷག་སློབ་ཁྲིད་ནང་ཞུགས།

        སློབ་ཁྲིད་ཀྱི་འཆད་འཁྲིད་དགེ་རྒན་ཚོགས་པ་ནི་ཧྲུའུ་ཅི་དང་པོ་དང་ཤང་དང་གྲོང་བརྡལ་ལས་ཁུངས་ཏང་ཡོན་ལས་བྱེད་པ།སྡེ་བར་བཅའ་སྡོད་བྱས་པའི་དབུལ་སྐྱོར་ལས་དོན་རུ་ཁག ཏང་གི་སློབ་གྲྭའི་དགེ་རྒན།སྡེ་ཁག་སོ་སོའི་འབྲེལ་ཡོད་ལས་སྒོའི་ལས་བྱེད་པ་བཅས་ཀྱིས་གྲུབ་ཡོད།ཁ་ཐོར་ཆེན་པོ་དང་གཅིག་ཐོར་ཆུང་ངུའི་སྟབས་བསྟུན་སྣ་མང་གི་བྱེད་ཐབས་སྤྱད་དེ།ས་གནས་མི་འདྲ་བར་གཞིགས་ནས་ཐབས་ཇུས་བཀོལ་བ་དང་།དུས་སྐབས་མི་འདྲ་བར་གཞིགས་ནས་ཐབས་ཇུས་བཀོལ་ཏེ།གཅིག་བསྡུས་ཐོག་ཏང་གི་སློབ་ཁྲིད་བྱས།འབྲོག་ཁུལ་གྱི་སྡོད་གནས་ཐར་ཐོར་ཡིན་པའི་ཁྱབ་ཁོངས་དུ།རྟར་ཞོན་ནས་རུ་བ་རུ་བསྐྱོད་དེ་སློབ་ཁྲིད་བྱེད་པ་དང་།སྦྲ་ནང་དུ་འཛུལ་ནས་སློབ་ཁྲིད་བྱེད་པ།རླངས་འཁོར་ནང་ནས་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ།སྟབས་བདེ་དང་ཐག་ཉེ་བ།དོན་གཉེར་ཚད་ལྡན་བཅས་ལ་གཞིགས་ནས་གཅིག་བསྡུས་ཐོག་སློབ་ཁྲིད་བྱས་པ་རེད།

        ད་སྔའི་བར་དུ། ཁུལ་ཡོངས་ཀྱི་ཧྲུའུ་ཅི་དང་པོའི་འགན་འཁུར་བའི་ལས་བྱེད་པ256གིས་སྐོར་སྐྱོད་སློབ་ཁྲིད་ཐེངས180ལ་སྤེལ་བ་དང་།གཞི་རིམ་ཏང་ཡོན1680ལ་སློབ་ཁྲིད་བྱས།གཞི་རིམ་འབྲོག་ཁུལ་གྱི་ཏང་ཡོན་ལ་ཅི་ཞིག་མཁོ་བ་དང་།སྐོར་སྐྱོད་སློབ་ཁྲིད་ཀྱིས་ཅི་ཞིག་ཁྲིད་པའི་རྩ་དོན་ལྟར། དེང་རབས་རྒྱང་ཁྲིད་སློབ་གསོ་དང་། གནད་འཁེལ་དབུལ་སྐྱོར་གྱི་གསོ་སྐྱོར།ཚན་རྩལ་རིག་གནས་གཤམ་སྤེལ་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་དང་། ཏང་གི་རྨང་གཞིའི་ཤེས་བྱ་དང་ཏང་གི་སྲིད་ཇུས།འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་སོགས་འཁྲིད་པ་དང་།དེ་མིན་སྐྱེ་ཁམས་ཕྱུགས་ལས།ཚན་རིག་རྩལ་ནུས།གནད་འཁེལ་དབུལ་སྐྱོར།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཕྱུགས་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་དང་འབྲོག་མིའི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་སོགས་ཀྱང་སློབ་ཁྲིད་བྱས་ཏེ། འབྲོག་མིའི་ཏང་ཡོན་གྱི་སློབ་སྦྱོང་ལ་ཤུགས་བསྣན་པ་དང་གཞི་རིམ་འབྲོག་མིའི་སྤྱི་ཡོངས་ཀྱི་སློབ་གསོའི་སྤུས་ཚད་ལ་རོགས་འདེགས་ཐོབ།

      ལོ་ཙཱ་བ། ཀླུ་མོ།