གསེར་ཆེན་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་དངོས་སུ་ཤར་གཏོང་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-02 11:00:24      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན། གསེར་ཆེན་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་དངོས་སུ་ཤར་གཏོང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་པ་ཧན་ཅིན་ཧྭ་ཡུལ་ཤུལ་ཁུལ་དུ་ཡུལ་དངོས་རྟོག་ཞིབ་ཏུ་སོང་སྟེ། འགྲིམ་འགྲུལ་འཛུགས་སྐྲུན་ཁྲོད་ཞུགས་པའི་ལས་ཁུངས་དང་གསོ་སྐྱོང་འཁོར་སྐྱོད་བྱེད་མཁན་གྱི་ལས་བཟོ་བར་འཚམས་འདྲི་བྱས་པ་མ་ཟད། གཞུང་ལམ་གྱི་དོ་དམ་དང་ལྟ་ཞིབ་བརྙན་མིག་ལྟེ་གནས་ཀྱི་བཀོལ་སྤྱོད་གནས་ཚུལ་ལ་ལྟ་ཞིབ་བྱས།

        གསེར་ཆེན་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ནི214རྒྱལ་ལམ་གྱི་གལ་ཆེའི་གྲུབ་ཆ་ཁག་ཅིག་ཡིན་ལ། རྒྱལ་ཁབ་ཀྱི་ལྷོ་བྱང་ཕྱོགས་ནས་ཆེས་རིང་བའི་འགྲིམ་འགྲུལ་ལམ་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་གཞུང་ལམ་དྲ་རྒྱའི་ཁྲོད་ནས་གནས་བབ་གལ་ཆེན་ཞིག་ཟིན་ཡོད། མྱུར་བགྲོད་གཞུང་ལམ་གྱི་དུས་ཐེངས་དང་པོའི་བཟོ་སྐྲུན་ལས་གཞི་དེ་2011ལོའི་ཟླ་5བར་འཛུགས་སྐྲུན་བྱེད་མགོ་ཚུགས་པ་ཡིན་ལ། འཛུགས་སྐྲུན་གྱི་རིང་ཚད་ལ་སྤྱི་ལེ635.61ཡོད། དུས་ཐེངས་གཉིས་པའི་འཛུགས་སྐྲུན2013ལོའི་ཟླ9བར་མགོ་ཚུགས་པ་ཡིན་ལ་འཛུགས་སྐྲུན་གྱི་རིང་ཚད་ལ་སྤྱི་ལེ637.6ཡོད། མྱུར་བགྲོད་གཞུང་ལམ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སོགས་རྫོང་ལྔ་དང་ཞང་གྲོང་བཅུ་གཉིས་བརྒྱུད་ཡོད་ལ། གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་ནས་མགོ་བརྩམས་ཏེ་ལྷ་ས་ནས་པེ་ཅིན་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཚྭ་ཁའི་གཞུང་ལམ་དུ་མཐུད་ཡོད། དཔལ་ཁ་དང་ཆུ་ཁོལ། མཛོ་རྒན་རྭ་བ། རྨ་སྟོད་དང་ཨོ་ལ་རི་བོ་སོགས་བརྒྱུད་ནས་མཇུག་མཐའི་ས་ཚུགས་ཡུལ་ཤུལ་གྲོང་ཁྱེར་གྱི་ཞིན་ཀྲེ་སྡེ་བར་ཐོན་ཡོད། གཞུང་ལམ་གྱི་མྱུར་ཚད་ལམ་ཧྲིལ་བོ80Km/hཡིན་ལ་ས་བབ་རྙོག་འཛིང་ཅན་གྱི་གཞུང་ལམ་གྱི་མྱུར་ཚད60Km/hགཏན་འཁེལ་བྱས་ཡོད།

        གསེར་ཆེན་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་མཚོ་བོད་མཐོ་སྒང་གི་ཆེས་འཁྱག་པའི་ས་ཁུལ་ནས་འཛུགས་སྐྲུན་བྱས་པའི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན། འགྲིམ་འགྲུལ་འཛུགས་སྐྲུན་ཁྲོད་ཞུགས་པའི་ལས་ཁུངས་སོ་སོས་དབྱང་དབུགས་ཉུང་ལ་ལོ་མང་པོའི་རིང་ས་རྒོད་འཁྱག་པའི་བསྡམས་པ། ཛ་དྲག་ཆེ་བའི་རང་བྱུང་ཁོར་ཡུག་གི་གནས་ཚུལ་འོག་མྱུར་བགྲོད་གཞུང་ལམ་གྱི་དུས་ཐེངས་དང་པོའི་འཛུགས་སྐྲུན་དེ2014ལོའི་ཟླ12པའི་ཚེས20ཉིན་གཞི་རྩའི་ཆ་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱས་ལ། 2016ལོའི་ཟླ8པའི་ཚེས31ཉིན་གཞུང་ལམ་ཧྲིལ་བོ་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ2016ལོའི་ཟླ12པར་ལས་གཞི་ཡར་སྤྲོད་ཞིབ་བཤེར་བྱ་བ་ལེགས་འགྲུབ་བྱས་ནས་ད་ལོའི་ཟླ7པར་རླངས་འཁོར་ཤར་གཏོང་བྱས་ཆོག་པའི་ཆ་རྐྱེན་ལ་སླེབས་ཡོད། མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་རྗེས་ཟི་ལིང་ནས་ཡུལ་ཤུལ་བར་གྱི་ལམ་ཐག་དུས་ཚོད12དེ་ཇེ་ཐུང་ལ་སོང་སྟེ་དུས་ཚོད8ཀྱིས་ཐོན་ཐུབ་པ་རེད། གསེར་ཆེན་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་དེས་ལྷོ་ཕྱོགས་བོད་ཁུལ་དང་དབུས་གཙང་། སུའུ་ཁྲོན་སོགས་མཐའ་འཁོར་གྱི་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་ངེས་ལ་ས་ཁོངས་ཡོངས་ནས་ཡུལ་སྐོར་བྱེད་ས་འཛུགས་སྐྲུན་བྱས་ཏེ། བོད་ཁུལ་དང་ནང་ལོག་གི་བརྗེ་རེས་འཕེལ་རྒྱས་ལ་ཡང་སྔར་ལས་སྐུལ་འདེད་བྱེད་ཐུབ་ངེས།

      ལོ་ཙཱ་བ། ལྷ་ཆེན་རྒྱལ།