མཚོ་སྔོན་གྱིས་དུག་འགོག་སྤྱི་ཕན་དྲིལ་བསྒྲགས་བྱ་འགུལ་ཟི་ལིང་ནས་སྤེལ་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-07 11:21:36      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས6ཉིན། མཚོ་སྔོན་གྱིས་དུག་འགོག་སྤྱི་ཕན་དྲིལ་བསྒྲགས་བྱ་འགུལ་ཟི་ལིང་ནས་བསྡུས་ལ། ཐེངས་འདིའི་བྱ་འགུལ་དེ་མཚོ་སྔོན་ཞིང་ཆེན་དུག་འགོག་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གཙོ་བསྒྲུབས་མཛད་ཅིང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། མཚོ་སྔོན་ཞིང་ཆེན་རིག་རྩལ་འཁྲབ་སྟོན་ཚོགས་པ་ཚད་ཡོད་འགན་ལེན་ཀུང་ཟི། གྲོང་ཁྱེར་དང་ཁུལ་སོ་སོའི་དུག་འགོག་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་བཅས་ཀྱིས་རོགས་བསྒྲུབས་མཛད།

        བྱ་འགུལ་སྟེང“དུག་འགོག་གི་ལམ་བུར་ང་ཚོར་མཉམ་དུ་བསྐྱོད”ཞེས་པ་བརྗོད་དོན་ཡིན་པའི་གླུ་གར་དང་ཟློས་གར། གར་ཆུང་སོགས་ཀྱི་རིག་རྩལ་འཁྲབ་སྟོན་བརྒྱུད་དེ་དུག་རྫས་ཀྱི་གནོད་སྐྱོན་དང་སྤྱི་བདེ་ལས་ཁུངས་ཀྱིས་དུག་རྫས་ནག་ཉེས་པ་རྡུང་རྡེག་གཏོང་བའི་ཆོད་སེམས་བརྟན་པོ་འགྲེམས་སྟོན་བྱས། རང་ཞིང་གི་དུག་འགོག་དྲིལ་བསྒྲག་སློབ་གསོའི་བྱ་བ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་དུག་འགོག་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་དུག་འགོག་དྲིལ་སྒྲོག་གི་ཁོར་ཡུག་ཅིག་སྐྲུན་དགོས་ལ། སྤྱི་ཚོགས་ཡོངས་དང་ལྷག་པར་ཏུ་རྒྱ་ཆེའི་ན་གཞོན་ཚོར་དུག་རྫས་ཀྱི་གནོད་སྐྱོན་ཆེ་བ་དང་ཉེན་འགོག་གི་ངེས་ཤེས་སྐྱེས་སུ་བཅུག་ནས“དུག་རྫས་འགོག་པ་དང་བདེ་ཐང་འཚོ་བའི”འདུ་ཤེས་ལ་མཛུབ་སྟོན་བྱས།

        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དུག་འགོག་བྱ་འགུལ་མི་འགྱང་པར་རྟ་ཐང་རྫོང་དང་གཞུང་ཐང་། རྒྱ་མདོ། རྨ་ལྷོ། གཏེར་ལེན་ཁ། ཡུལ་ཤུལ་དང་རྨ་ཆེན་སོགས་གྲོང་ཁྱེར་དང་རྫོང་། ས་ཁུལ15ནས་ཡང་ཟླ་གཅིག་ལྷག་གི་རིང་ལ་(ལམ་གྱི་རིང་ཚད་ལ་སྤྱི་ལེ5000)སྤེལ་རྒྱུ་རེད། གསར་འགོད་པས་རང་ཞིང་གིས་ཐོག་དང་པོར་ཕྱི་ལ་ཁྱབ་བསྒྲགས་པའི་དུག་འགོག་དྲིལ་བསྒྲགས་བརྙན་རིས《དུག་འགོག》ཁྲོད་རྒྱུས་ལོན་པ་ལྟར་ན། 2016ལོར་ཞིང་ཆེན་ཡོངས་ནས་དུག་རྫས་ནག་ཉེས་གྱོད་གཞི518རྩད་ཆོད་བྱེད་ཐུབ་པ་བྱུང་ལ། ཉེས་ཅན་པ610འཛིན་བཟུང་བྱས་ནས་རིགས་སོ་སོའི་དུག་རྫས་སྤྱི་རྒྱ92.5ལག་སོན་བྱུང་། དུག་འཐེན་མི་སྣ4666ཁྲོད་སྡོད་ཁུལ་ནས་དུག་རྫས་བཅད་པའི་མི1745ཡོད་ལ་བཙན་གྱིས་གཅོད་དུ་བཅུག་པའི་མི་1439ཡོད། སྤྱི་བདེ་ལས་ཁུངས་ཀྱིས་དམིགས་སུ་བཟུང་བའི་དུག་རྫས་གྱོད་གཞི3རྩད་ཆོད་བྱེད་ཐུབ་པ་བྱུང་སྟེ་ཉེས་ཅན་མི་སྣ46འཛིན་བཟུང་བྱས་ལ་དུག་རྫས་སྤྱི་རྒྱ་27.8ལག་སོན་བྱུང་། དཀྲུམ་མདའ་གཉིས་དང་མེ་མདའ་བཞི། མདེའུ30དང་ཞལ་མདེའུ1000། སྒོར་མོ་ཁྲི88་དང་དུག་རྫས་བཟོ་བྱེད་རྒྱུ་ཆ་སྤྱི་རྒྱ250ལག་སོན་བྱུང་བ་རེད། 2017ལོའི་ཟླ་ལྔ་བའི་བར་དུ་རང་ཞིང་གིས་དུག་རྫས་གྱོད་གཞི146རྩད་ཆོད་བྱེད་ཐུབ་པ་བྱུང་ནས་ཉེས་ཅན་མི་སྣ179འཛིན་བཟུང་བྱས་ལ་དུག་རྫས་ཁེ16392.05ལག་སོན་བྱུང། དུག་འཐེན་མི་སྣ1248རྩད་ཆོད་བྱུང་སྟེ་སྡོད་ཁུལ་ནས་དུག་རྫས་བཅད་པའི་མི602ཡོད་ལ་བཙན་གྱིས་གཅོད་དུ་བཅུག་པའི་མི646ཡོད།

        ལོ་ཙཱ་བ། ལྷ་ཆེན་རྒྱལ།