མཚོ་སྔོན་གྱི་སྣོད་བཅུད་དཔལ་ཡོན་དར་སྤེལ་གྱི་ལེའུ་དང་པོ་སྟེ་དྭངས་གཙང་ཆུ་མོ་ཤར་དུ་འབབ་པའི་དམ་བཅའ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-08 12:03:19      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྣོད་བཅུད་དར་ན་དཔལ་ཡོན་རྒྱས་པ་དང་། སྣོད་བཅུད་ཉམས་ན་དཔལ་ཡོན་རྒུད།དེ་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལག་ལེན་མཐའ་འཁྱོལ་དང་། བསྒྱུར་བ་བཞི་ལ་ཤུགས་ཆེན་པོས་སྐུལ་འདེད། སྣོད་བཅུད་ཁོར་སྲུང་ཏན་ཏན་ཏིག་ཏིག་གིས་སྐུལ་སྤེལ་བཅས་བྱས་པའི་སྨྱུག་ཁ་དེ་མཚོ་སྔོན་མཐོ་སྒང་འདིའི་འཛིན་མའི་གཞི་རུ་ཕྱོགས་ནས་སྣོད་བཅུད་ཀྱི་བྱེད་སྤྱོད་ཆེན་པོ་རབ་དང་རིམ་པ་ཞིག་སྔ་རྗེས་སུ་གར་སྟབས་ཀྱིས་རྩེན་བྱུང་ལ། དེ་ནི་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། བྱེད་སྟངས་ལ་བཅོས་སྒྱུར། བཅོས་སྒྱུར་ལ་སྐུལ་སྤེལ་བྱས་པ་ནས་ཆུ་ཁོངས་ལ་སྲུང་སྐྱོང་། བྱེ་རྡུལ་འགོག་བཅོས། རྡོ་སོལ་ཉུང་སྤྱོད། རླངས་འཁོར་ཚོད་འཛིན། ཁེ་ལས་ལ་བཅོས་སྐྱོང་། སྔོ་སྒྱུར་མང་སྤེལ་ལ་སོགས་པའི་བར་དུ་ཆུ་གཙང་མོ་དང་རི་སྔོན་མོ་ནི་གསེར་རི་དང་དངུལ་རི་ཡིན་པ་དང་། དྭངས་གཙང་ཆུ་མོ་ཤར་དུ་འབབ་པར་ཁག་ཐེག་བཅས་ཀྱི་དགོངས་པ་ལྷུར་ལེན་བྱས་ཡོད་པས། མཚོ་སྔོན་གྱི་བཅོས་སྒྱུར་ལས་ཀ་ཁག་དང་ལམ་ལུགས་འཛུགས་སྐྱོང་གི་ཁྲོད་དུ་ཅི་དགར་མངོན་ཡོད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གྱི་གཅིག་གྱུར་བཀོད་འདོམས་འོག་ཏུ། མཚོ་སྔོན་གྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་བསམ་བློ་དང་ཁ་ཕྱོགས་དེ་ལ་དུས་ད་ལྟའི་ཚོར་ཤུགས་དྲག་པོ་འདི་ལྟ་བུ་ཞིག་བྱུང་མྱོང་མེད། དེ་དབང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་སྣོད་བཅུད་ནི་མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མངོན་མིན་གྱི་སྟོབས་ཤུགས་ཆེ་ཤོས་ཡིན་པའི་ཐུན་མོང་གི་ལྟ་བ་ཇེ་རྒྱས་ཇེ་དྲག་ཏུ་གྱུར་བ་དང་། སྣོད་བཅུད་སྲུང་སྐྱོབ་སྔོན་སྤེལ་གྱི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་མཐུན་སྦྱོར་དགོས་པའི་བསམ་བློ་དང་། བསྒྱུར་བ་བཞིས་ཏན་ཏན་ཏིག་ཏིག་བཞི་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་སུ་འཇུག་དགོས་པའི་སེམས་རྩ་གཉིས་སྔར་བས་ཇེ་བརྟན་དུ་སོང་།

        མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་ཞིང་། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ནི་མིང་དོན་མཚུངས་པའི་ཀྲུང་ཧྭའི་ཆུ་མཛོད་ཡིན། མདོ་ལ་རི་བོའི་ཆུ་ལག་ནི་རྨ་ནུབ་དོག་ལམ་གྱི་སྲོག་རྩ་ལྟ་བུ་དང་མཚོ་སྔོན་པོའི་ཆུའི་ཁ་གསབ་ཀྱི་འབྱུང་ཁུངས་གལ་ཆེན་ཡིན། དེ་བས་སྣོད་བཅུད་ལེགས་སྐྱོང་གི་གལ་ཆེ་རང་བཞིན་དེ་མཚོ་སྔོན་ལ་མཚོན་ན་མ་བརྗོད་ཀྱང་གསལ་བོར་ཤེས་ཐུབ་ན་ཡང་ལམ་ལུགས་ཀྱི་འགན་སྲུང་མེད་ན་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་བསམ་བློ་ནི་བར་སྣང་གི་ཁང་བཟང་ལྟར་འགྱུར་ངེས་པས། ལམ་ལུགས་དམ་པོ་ཞིག་དང་བཙན་པོ་ཞིག་ལ་བརྟེན་ནས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་བྱེད་དགོས་པ་ཡིན། ལོ་དུ་མར་ལམ་ལུགས་དང་བྱེད་ཐབས་བཏོན་ཏེ། ས་གནས་ཁག་གི་GDPདཔྱད་ཞིབ་མེད་པར་བཏང་བ་དང་། སྣོད་བཅུད་ཀྱི་དམར་ཐིག་བཟོས་ནས་སྣོད་བཅུད་ཁོར་སྲུང་གི་འགན་དེ་ཏང་སྲིད་གཉིས་ཀྱིས་མཉམ་དུ་འཁུར་བའི་ལམ་ལུགས་གཏན་འཁེལ་བྱས་ནས་ཁྱབ་ཆེ་ལ་གཏིང་ཟབ་པའི་ལྗང་སྒྱུར་གྱི་བཅོས་སྒྱུར་ཞིག་མཚོ་སྔོན་ནས་འགོ་བརྩམས།

        ཞིང་ཆེན་གྱི་གོང་འོང་ཀུན་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར་རྒྱུན་འཁྱོངས་དང་། སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དང་ཁོར་སྲུང་གི་ལས་ཀ་སྤྱི་ཡོངས་ལ་ཇུས་འགོད་དང་།མ་ལག་ལ་འཆར་འགོད་བཟོས་ཏེ། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་འཐུང་ཆུའི་འབྱུང་ཁོངས་སྲུང་སྐྱོང་སྲོལ་ཡིག་དང་། མཚོ་སྔོན་ཞིང་ཆེན་ན་འདམ་སྲུང་སྐྱོང་སྲོལ་ཡིག་གཉིས་གཏན་ལ་ཕབ་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཙོང་ཆུ་འབབ་རྒྱུད་ཀྱི་འབག་བཙོག་འགོག་བཅོས་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་པ་དང་། རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ཚུལ་གྱི་ལག་བསྟར)གཏན་ལ་ཕབ་ནས་པར་འགྲེམས་བྱས།

        ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་སྣོད་བཅུད་དཔལ་ཡོན་ལམ་ལུགས་འཛུགས་སྐྱོང་ཇེ་མགྱོགས་སུ་གཏང་དགོས་པའི་འཐབ་ཇུས་བཀོད་སྒྲིག་བྱས་རྗེས་སུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་པོས་ཕྱི་བཤོལ་མེད་པར་འཆར་འགོད་བཟོས་ཏེ། ༢༠༡༤ལོའི་ཟླ༦པར་མཚོ་སྔོན་ཞིང་ཆེན་སྣོད་བཅུད་དཔལ་ཡོན་ལམ་ལུགས་འཛུགས་སྐྱོང་གི་སྤྱིའི་ཇུས་འགོད་པར་འགྲེམས་བྱས་པ་དང་། འགན་འཁྲི་ཁག་བགོས་གཞིར་བཟུང་ནས་བྱེ་བྲག་གི་འོས་འགན་ཁུར་དུ་བཞག་པའི་ལས་ཀའི་རྩིས་ཁྲ་བསྒྲིགས་ནས་རྒྱལ་ཡོངས་སུ་སྤྱིའི་ཇུས་འགོད་རི་མོ་དང་སྤྱིའི་ཨར་སྐྲུན་རི་མོ་བཏོན་པའི་ཞིང་ཆེན་དང་པོར་གྱུར།

        གལ་ཏེ་སྣོད་བཅུད་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱུར་གྱི་གཏན་འཁེལ་འགུལ་སྟངས་ནི་མཚོ་སྔོན་གྱིས་རྒྱལ་ཁབ་དང་འཛམ་གླིང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལ་གདོང་ཕྱོགས་པའི་འགན་འཁྲི་གལ་ཆེན་དེ་ཡིན་ཚེ། བཅོས་སྒྱུར་གྱི་འཕེལ་རིམ་ཁྲོད་ཀྱི་རང་འདེམ་གྱི་འགུལ་སྟངས་དེ་ནི་མཚོ་སྔོན་གྱིས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ཁྲོད་དུ་མངོན་པའི་རང་རྟོགས་བྱེད་སྤྱོད་ཅིག་ཅི་ལ་མིན།

        རང་ཞིང་གིས་རྒྱལ་ཁབ་ཀྱི་བཅོས་སྒྱུར་འོས་འགན་ཕྱོགས་ཡོངས་ནས་ལག་ལེན་མཐའ་འཁྱོལ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་བཅོས་སྒྱུར་གྱི་བྱེད་ཐབས་དང་ཚོད་ལྟ་བྱ་ཡུལ་དང་ལེན་བཅས་བྱེད་པའི་སྟབས་དང་བསྟུན་ནས་རང་སྟེང་གི་གནས་ཚུལ་དངོས་ལ་སྦྱར་ནས་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་གསར་འཛུགས་ལ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞིང་། དེ་ནི་མཚོ་སྔོན་གྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་བཅོས་སྒྱུར་ཆེ་ཤོས་ཡིན།

        ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་གཟུག་དགོས་པའི་བླང་བྱ་བཏོན་པར། མཚོ་སྔོན་གྱིས་ཧུར་ཐག་གིས་ཚོད་ལྟ་བྱ་ཡུལ་ཡར་ཞུ་བྱས་ངོར། རང་ཞིང་དེ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་བྱ་ཡུལ་ཞིང་ཆེན་དགུའི་ཡ་གྱལ་དུ་གྱུར། ༢༠༡༥ལོའི་ཟླ༡༢པའི་ཚེས༩ཉིན་ལ་ཀྲུང་དབྱང་བཅོས་སྒྱུར་གཏིང་ཟབ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས༡༩བའི་ཐོག་གཙང་གསུམ་མགོ་ཁོངས་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་འཆར་ཇུས་ཞེས་པར་གྲོས་འཆམ་བྱུང་ལ། དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་སྣོད་བཅུད་འཛུགས་སྐྱོང་དང་སྣོད་བཅུད་མངའ་ཁོངས་བཅོས་སྒྱུར་གྱི་ལས་གཞི་ཨང་དང་པོར་བརྩིས་ཏེ། ལོ་གཅིག་ལ་རྨང་གཞི་ལས་ཀ་སྲ་བརྟན་དུ་གཏང་བ་དང་། ལོ་གཉིས་ལ་ཚོད་ལྟ་ཁུལ་གྱི་ལས་འགན་ལེགས་འགྲུབ་བྱེད་པ། ལོ་ལྔའི་ནང་རྒྱལ་ཁབ་སྤྱི་གླིང་ལེགས་འགྲུབ་འབྱུང་བ་བཅས་ཀྱི་ལས་ཀའི་དམིགས་འབེན་བཏོན།

        ༢༠༠༥ལོ་ནས་བཟུང་རང་ཞིང་གིས་གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་GDPདཔྱད་ཞིབ་ལས་སྒོ་མེད་པར་བཏང་བ་དང་། འགོ་ཁྲིད་དཔུང་སྡེ་དང་འགོ་ཁྲིད་ལས་བྱེད་ཀྱི་དམིགས་འབེན་འོས་འགན་དཔྱད་ཞིབ་ཀྱི་ཁྲོད་དུ་སྣོད་བཅུད་སྲུང་སྐྱོབ་ཀྱི་དཔྱད་ཞིབ་དབང་ཆ་ཇེ་ཆེར་བཏང་ནས་འོས་འགན་བདའ་འདེད་ལ་ཤུགས་བསྣན། སྣོད་བཅུད་ལས་གཞི་ལ་གཞི་བཅོལ་ནས་གནམ་ས་གཞི་གཅིག་ཅན་གྱི་སྣོད་བཅུད་ལྟ་སྐུལ་ཚད་འཇལ་གྱི་དཔྱད་འཇོག་མ་ལག་ཐོག་མར་བཙུགས།

        ལོ་དུ་མའི་ནང་དུ་རང་ཞིང་གིས་སྣོད་བཅུད་མངའ་ཁོངས་ཀྱི་བཅོས་སྒྱུར་དང་། སྣོད་བཅུད་ལས་གཞི་གལ་ཆེན། ཁོར་སྲུང་དག་ཐེར་བཅས་ལ་དམ་འཛིན་བྱས་པའི་སྟབས་དང་བསྟུན་ནས་ཏང་སྲིད་གཉིས་ཀྱིས་ལས་འགན་མཉམ་ཁུར་དང་། ལས་རྐང་གཅིག་ལ་འགན་འཁྲི་གཉིས་ཅན་གྱི་ལམ་ལུགས་ལག་བསྟར་བྱས་ནས་སྐྱི་དངུལ་རྙིང་བ་མང་འཇལ་དང་སྐྱི་དངུལ་གསར་བ་མི་ཆད་པ་བྱས་ནས་ཁོར་སྲུང་གི་ལྟ་སྐུལ་དོ་དམ་ཁྲིམས་བསྟར་ནན་མོ་བྱས་པས། ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་སྲུང་ཆུ་ཚད་ཇེ་མཐོར་དང་། སྣོད་བཅུད་ཁོར་སྲུང་གི་སྤུས་ཚད་ཇེ་ལེགས་སུ་སོང་། ཁོར་སྲུང་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དེ་ནམ་ཡང་དམ་འཛིན་བྱས་ནས་ཁོར་ཡུག་གཏོར་བརླག་ལ་བཟོད་པ་སྤུ་ཙམ་ཡང་མི་སྒོམ་པའི་མཚོ་སྔོན་གྱི་རྣམ་འགྱུར་མངོན།

        ༢༠༡༣ལོའི་ཚུན་ལ། ཁེ་ལས་ལས་རིགས་ཁག་དང་རྣམ་གྲངས་བཅས༡༧༧༧༡ལ་ཞིབ་བཤེར་བྱས་པ་ལས་ཁོར་སྲུང་ཁྲིམས་འགལ་གྱི་ཁེ་ལས་༡༡༨༧རྩད་ཆོད། དེའི་ནང་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མི་མཐུན་པའི་ཁེ་ལས༧༦ ཁྲིམས་ལྟར་སྒོ་རྒྱག་ཏུ་བཅུག་པ་དང་། ཁེ་ལས༩༠ལ་བཀའ་བསྒྲགས་ནས་ཐོན་སྐྱེད་ཀྱི་མཚམས་ཆད་ནས་དག་ཐེར་བྱས། ཁེ་ལས༡༡༢ལ་དུས་བཅད་ལྟར་བཅོས་སྐྱོང་བྱས། ཁེ་ལས་༦༨སྨྱན་བྱད་ཚན་པས་ཐེར་འདོན་བྱས། ཁེ་ལས༤༢ལ་ཁ་བཅད་བསླབ་བྱ་བཏང་། ཉིན་རེར་ཁེ་ལས༡༣ལ་སྔ་གཞུག་ཏུ་ཆད་པ་བཅད་པ་དང་། ཁེ་ལས༧གྱི་སྒོ་རྒྱ་བསྡམས། ཁེ་ལས་༦དུས་བཀག་ལྟར་ཐོན་སྐྱེད་ཀྱི་མཚམས་བཅད། ཁྲིམས་འཛིན་དུ་གྱོད་དོན་༡༧ཞུས། མི༡༣སྲིད་འཛིན་གྱི་བཀག་སྡོམ་བྱས། མི༤ཉེས་དོན་བཀག་ཉར་བྱས། ཁེ་ལས༦༦༤ལ་སྲིད་འཛིན་གྱི་ཆད་དངུལ་སྒོར་ཁྲི༣༤༤༢.༦༥བཅད་ཡོད་པ་རེད།

        སྲིད་ཇུས་ཀྱི་ཕན་ནུས་དང་། ལམ་ལུགས་ཀྱི་འགན་སྲུང་། བསམ་བློའི་འཕོ་འགྱུར། བྱེད་སྤྱོད་དངོས་དོན་གཉེར་བཅས་ཀྱིས་མིག་ཐོག་ལག་ཟིན་གྱི་འཁོར་རྒྱུན་བཟང་བོ་བསྐྲུན་ཡོད་པ་ནི། གཙང་གསུམ་མགོ་ཁུངས་མངའ་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་སྤྱིའི་སྣོད་བཅུད་གནས་བབ་ཇེ་ལེགས་སུ་སོང་ནས་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་གྱུར་ཡོད་པ་དེ་རེད། ནགས་དང་རྩི་ཤིང་གི་ཁེབས་ཚད་དེ་ས་ཁུལ་གྱི་རྒྱ་ཁྱོན་གྱི་བརྒྱ་ཆའི་༧༩ .༡༨ལ་སླེབས་པ་དང་། འབྲི་ཆུ་འབབ་རྒྱུད་ཀྱི་ཆ་སྙོམས་ཀྱི་འབབ་ཚད་སྨི་གྲུ་བཞི་ལྷམ་མ་དུང་ཕྱུར༣༩.༢ཇེ་མང་དུ་སོང་ཡོད་པ་དང་། རྨ་ཆུ་འབབ་རྒྱུད་དུ་ཆུ་འབབ་ཚད་སྨི་གྲུ་བཞི་ལྷམ་མ༣༦.༩ཇེ་མང་དུ་སོང་ཡོད་པ་བཅས་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་མངོན་གསལ་ཡིན་ཞིང་། ཞིང་འབྲོག་པར་ཁེ་གཙང་ཡོང་འབབ་ལོ་རེའི་ཆ་སྙོམས་སུ་བརྒྱ་ཆའི་༡༠ཡས་མས་རག་ཐུབ་ཀྱི་ཡོད་པ་རེད།

        ཙོང་ཆུའི་མངའ་ཁོངས་ཕྱིའི་འབབ་མཚམས་དེ་༢༠༡༦ལོར་ Ⅳཆུའི་སྤུས་ཚད་ཀྱི་ཚད་གཞི་བརྒྱ་ཆའི༨༣.༣ལ་སླེབས་ཤིང་། དེ་ནི་༢༠༡༠ལོ་དང་བསྡུར་ན་བརྒྱ་ཆའི་ཚེག་༥༠འཕར་ནས་རིགས་Ⅲཔའི་ཆུའི་སྤུས་ཚད་ལ་ཐོག་མར་སླེབས་པ་དང་། མདོ་ལ་རི་ཁུལ་གྱི་ཆུའི་བསགས་འབོར་ཡང་ཚད་ངེས་ཅན་ནས་ཇེ་མང་དུ་སོང་ཡོད་པ་རེད།

        གཞན་མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་དང་ཞིང་སྡེ་དབུལ་སྐྱོར་དབུལ་སེལ་གྱི་ལས་གཞི་ལ་ཡའང་གྲུབ་འབྲས་ཆེན་པོ་ཐོབ་ནས་སྣོད་བཅུད་མཛེས་ལ། མང་ཚོགས་ཕྱུག་པའི་ནུས་སྟོབས་ཆེན་པོ་ཞིག་རིམ་པ་བཞིན་དུ་མངོན་འདུག ད་བར་དུ་ཞིང་ཆེན་ཡོངས་ཀྱིས་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར༡༧.༤བཏང་བ་དང་། ཞིང་སྡེ་དང་འབྲོག་པའི་གཏན་སྡོད་ས་གནས་ཀྱི་༣༠༡༥ཡི་ཁོར་ཡུག་ལ་བཅོས་སྐྱོང་ལེགས་པོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱིའི་སྡོམ་གྲངས་ཀྱི་བརྒྱ་ཆའི༦༧ཟིན། རྫོང་༢༧དུ་ལག་བསྟར་བྱས་ནས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཕུགས་ཕན་ལམ་ལུགས་ཐོག་མར་བཙུགས།

        ད་ཆ་མཐོ་སྒང་གི་མཛེས་པའི་ཞིང་གྲོང་གིས་སྣོད་བཅུད་ཁོར་ཡུག་ལ་མཐོང་ཆེན་བྱས་པའི་ཕན་འབྲས་མང་པོ་ཐོབ་ཀྱི་ཡོད་ལ། སྣོད་བཅུད་ཁོར་སྲུང་ནི་འགན་འཁྲི་དང་པོ་ཡིན་པའི་འདུ་ཤེས་ཇེ་དྲག་ཏུ་གྱུར་ནས་དྭངས་གཙང་ཆུ་མོ་ཤར་དུ་འབབ་པར་ཁག་ཐེག་བྱེད་པ་ནི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པ་མ་ཟད། རང་རྟོགས་བྱེད་སྤྱོད་ཅིག་ཀྱང་དེ་བས་ཡིན་པའི་ངེས་ཤེས་འདྲོངས་ཡོད།

        ལོ་ཙཱ་བ། ཁོན་ཐར་འཚོ།