ཚྭ་རྒན་ཚྭ་མཚེའུ་རྒྱལ་སྤྱིའི་སྐྱེ་ཁམས་ལྗོངས་རྒྱུ་ཁུལ་དེ་སང་ལོའི་ཟླ༦པའི་ཚེས༡ཉིན་ལ་སྒོ་ཕྱེས་རྩིས་ཡོད་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-08 16:47:15      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་ནས་ལེ་དབར༦༠མཚམས་སུ་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་སྐམ་སའི་ཚྭ་མཚེའུ་ཡི་ཡ་གྱལ་སྟེ། ཀྲུང་གོའི་ཨང་དང་པོ་དང་འཛམ་གླིང་གི་ཨང་གཉིས་པར་གྲགས་པའི་ཚྭ་མཚེའུ་ཚྭ་རྒན་ཚྭ་མཚེས་ཆགས་ཡོད། ཚྭ་མཚེའུ་དེ་ནི་ཚྭ་འདམ་གཞོང་གི་ས་ཆེས་དམའ་ས་དང་ལྟེ་བར་ཆགས་ཡོད་ཅིང་། ཤར་ནུབ་ཀྱི་རིང་ཚད་ལ་ལེ་དབར་༡༦༠ལྷག་ཡོད་པ་དང་། ལྷོ་བྱང་གི་ཁ་ཞེང་ལེ་དབར༢༠ནས་༤༠ཡོད། ཚྭའི་སྟུག་ཚད་ཧ་ལམ་སྨི༢གཉིས་ནས་སྨི༢༠དང་། རྒྱ་ཁྱོན་ལ་ལེ་དབར་རྒྱ་དཔངས་གྲུ་བཞི་མ་༥༨༠༠ཡོད་པ་དང་། ས་བབ་མཐོ་ཚད་སྨི༢༦༧༠ཡོད་པ་རེད། མཚེའུ་དེར་འཛམ་གླིང་གི་མི་དུང་ཕྱུར༦༠ཡིས་ལོ་ངོ་༡༠༠༠རིང་ལ་ཟ་རྒྱུ་ཡོད་པའི་ཁིལ་འགྱུར་ནཱ་ཏུན་དུང་ཕྱུར༥༠༠ཡོད་པ་དང་། མཚན་སྙན་ཕྱོགས་བཞིར་ཁྱབ་པའི་གཏེར་རྡོ་ཀོང་ལུའུ་ཧྲིའང་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད། མེག་ལྕགས་དང་ལིས། པོན། ཏེན་ལ་སོགས་པའི་གཏེར་ཁ་སྣ་མང་དང་། ཅཱ་དང་ཚྭའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས། རང་རྒྱལ་གྱི་ལུད་རྫས་ཐོན་སྐྱེད་རྟེན་གཞི་དང་ཚྭ་འགྱུར་བཟོ་ལས་རྟེན་གཞི་ཆེ་ཤོས་ཀྱང་ཡིན།

        མི་མཐའ་མི་ངོམ་པའི་ཚྭ་རྒན་ཚྭ་མཚེའུ་ཡོད་ས་དེ་ནི་ཚ་བ་ཆེ་ཤིང་ཐན་པ་ཆེ་བ། ཉི་འོད་འཕྲོ་ཡན་རིང་བའི་ས་ཞིག་ཡིན་ཞིང་། ཆུ་རླངས་པར་འགྱུར་ཚད་དེ་ཆར་ཆུ་འབབ་ཚད་ལས་མཐོ་བ་ཞིག་ཡིན། དུས་ཡུན་རིང་བོར་ཉི་མའི་ཚ་ཟེར་དང་རླུང་བུས་རྒྱུ་སྟོབས་ཀྱིས་མཚེའུ་ནང་དུ་བ་ཚྭའི་ཆུ་ནོག་པོ་ཆགས་ཤིང་། དེ་རིམ་བཞིན་དོ་ཤེལ་ལྟ་བུའི་ཚྭ་རྡོག་རེ་རེ་གྱུར་ནས་མཚེའུ་ངོས་སུ་ཧ་ཅང་སྲ་ལ་མཁྲེགས་པའི་ཚྭ་ཁེབས་ཆགས། ཚྭ་ཁེབས་ཀྱི་ཐེག་ཤུགས་དེ་ནི་སྟེང་དུ་མེ་འཁོར་རྒྱུག་ཆོག་པ་དང་། གནམ་གྲུ་འབབ་ཆོག་པ་ཞིག་ཡིན། སྐད་གྲགས་ཆེ་བའི་མཚོ་བོད་ལྕགས་ལམ་དང་ཏུང་གོར་གཞུང་ལམ(ཏུན་ཧོང་ནས་གོར་མོའི་བར་གྱི་གཞུང་ལམ་)ཡང་ཚྭ་རྒན་ཚྭ་མཚེའུ་ཀྱི་སྟེང་དུ་བསྐྲུན་ཡོད་ཅིང་རིང་ཚད་ལེ་དབར༣༢ཡོད་ལ། དུས་རབས་ཕྱེད་ཙམ་ལ་རྒྱལ་ཁབ་ཕྱི་ནང་དུ་མཚན་སྙན་འབར་བའི་ཚྭ་ཟམ་རིང་བོ་ཞེས་པའང་གནས་འདིར་ཡོད།


      ༢༠༡༧ལོའི་ཀྲུང་གོའི་མཚོ་སྔོན་ན་གོར་མོའི་ཁུ་ནུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ།

        

        ཚྭ་རྒན་ཚྭ་མཚེའུ་འདིར་གཏེར་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ལས་གཞན་ལྗོངས་རྒྱུ་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དེར་ཚོན་མདངས་བཀྲ་བའི་ཚྭ་ཞིང་དང་། ངོ་མཚར་བའི་ཚྭའི་མེ་ཏོག བརྗིད་ཉམས་ལྡན་པའི་ཚྭ་མཚེའུ། མཐའ་མི་ངོམ་པའི་ཚྭ་ཁེབས། ཚྭ་ཟམ་དང་ཚྭ་ལམ། ཚྭ་མེད་མཚེའུ་ཁུལ། སྣོད་བཅུད་ན་འདམ། རི་སྐྱེས་སྲོག་ཆགས་དང་ཚྭ་མཚེའུ་བཟོ་ལས། ཚྭ་མཚེའི་རིག་གནས། ཚྭ་མཚེའུ་ལྗོངས་ཕྱིའི་འགྲན་སྡུར་གྱི་བྱེད་སྒོ་གཙོ་བྱས་པའི་མཛེས་ལྗོངས་དང་། མྱོང་རོལ། ཚན་རྩལ། རིག་གནས། དུས་ཆེན་གྱི་བྱེད་སྒོ་སོགས་ཡུལ་སྐོར་ཐོན་རྫས་མང་པོ་ཡོད།

        ༢༠༡༧ལོའི་ཀྲུང་གོའི་མཚོ་སྔོན་ན་གོར་མོའི་ཁུ་ནུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག མཚོ་སྔོན་རྒྱལ་ཁབ་མ་འཇོག་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ལི་ཏེ་ཧྲུན་གྱིས་ངོ་སྤྲོད་ལྟར་ན། ཚྭ་རྒན་ཚྭ་མཚེའུ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་རྣམ་གྲངས་ཏེ་ཚྭ་རྒན་ཚྭ་མཚེའུ་རྒྱལ་སྤྱིའི་སྐྱེ་ཁམས་ལྗོངས་རྒྱུ་ཁུལ་ནི་ཀུང་སི་དེས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གོང་སྤེལ་འཆར་འགོད་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཡུལ་སྐོར་འཆར་འགོད་གཉིས་གཞིར་བཟུང་སྟེ། ཡུལ་སྐོར་གོང་སྤེལ་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལ་གཞིགས་ནས་བདམས་པའི་སྔོན་སྤེལ་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཚུལ་དང་། རྣམ་གྲངས་ཀྱི་འཆར་འགོད་ལ་མཚོན་ན། ཤར་ནས་རྒྱལ་ལམ G315བར་དང་། བྱང་ནས་ཏཱ་པུ་ཞུན་མཚེའུ་(达布逊湖)ཡི་བྱང་ངོགས་བར། ནུབ་ནས་སེ་ནེ་མཚེའུ་(涩聂湖)ནུབ་བྱང་བར་ཡོད་ཅིང་། ཤར་ནུབ་ཀྱི་རིང་ཚད་ལ་ལེ་དབར༡༦༠ཡོད་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་ལེ་དབར་༣༠ལྷག་ཡོད་པས། འཆར་འགོད་ཁུལ་སྤྱིའི་རྒྱ་ཁྱོན་དེ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ༤༠༠༠ཡོད་ཅེས་བརྗོད་བྱུང་།

        ཤེས་གསལ་ལྟར་ན། ཚྭ་རྒན་ཚྭ་མཚེའེ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་རྣམ་གྲངས་ཀྱི་འཆར་འགོད་དུས་ཚོད་ནི་༢༠༡༧ལོ་ནས་༢༠༣༠ལོའི་བར་ཡིན་ཞིང་། དེའི་ནང་དུས་སྐབས་དང་པོའི་དུས་ཚོད་ནི་༢༠༡༧ལོ་ནས་༢༠༢༠ལོའི་བར་ཡིན་པ་དང་། ཟླ་འདིའི་ཟླ་མཇུག་ལ་འཛུགས་སྐྲུན་གྱི་འགོ་བརྩམ་ནས་སང་ལོའི་ཟླ༦པའི་ཚེས༡ཉིན་ལ་དངོས་སུ་སྒོ་ཕྱེས་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།

         ཕྱིས་ཀྱི་དུས་སྐབས་ཤིག་གི་ནང་དུ། མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་མ་འཇོག་དོ་དམ་ཚད་ཡོད་ཀུང་སིས་ཕྱོགས་བསྡུས་ཆུ་ཚད་རིམ་བཞིན་ཇེ་མཐོར་བཏང་སྟེ། ཡུལ་སྐོར་ཆེན་པོ་དར་སྤེལ་དང་། ཐོན་ལས་ཆེན་པོ་ཆགས་གྲུབ། སྡེ་ཤོག་ཆེན་པོ་སྒྲིག་འཛུགས་ ཐུབ་པ་དམིགས་འབེན་དུ་བཟུང་བ་དང་། ཡུལ་སྐོར་ཐོན་ཁུངས་ཕྱོགས་བསྡུས་ཀྱི་སྟེགས་བུ། ཡུལ་སྐོར་ཐོན་ལས་ཀྱི་མཉམ་ལས་སྟེགས་བུ། ཡུལ་སྐོར་ཐོན་རྫས་གསར་སྤེལ་གྱི་སྟེགས་བུ། ཡུལ་སྐོར་རྣམ་གྲངས་དོ་དམ་གཉེར་སྐྱོང་དང་མ་རྩ་འཁོར་སྐྱོད་གཙོ་བོར་འཛིན་པའི་སྟེགས་བུ་བཅས་གཙོ་བོར་བཟུང་ནས་ན་གོར་མོ་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་འཇོག་ངེས་རེད།


       
      ལོ་ཙཱ་བ། ཁོན་ཐར་འཚོ།