ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་ཆུང་གིས་མཚོ་སྔོན་ལ་ལྟ་བཤེར་བྱེད་པའི་སྐུལ་སློང་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-09 11:33:03      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣོད་བཅུད་དཔལ་ཡོན་དར་སྤེལ་དང་ཁོར་སྲུང་ལས་ཀར་ཤུགས་བསྣན་དགོས་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཆེན་པོ་བཀོད་སྒྲིག་ལག་ལེན་མཐའ་འཁྱོལ་བྱ་བའི་ཆེད་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བརྒྱུད་ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་ཆུང་ཨང་བདུན་པ་དེ་ཉེ་ལམ་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་ཤིང་། ཁོར་སྲུང་ཐད་ལ་ལྟ་ཞིབ་ནན་མོ་བྱ་རྒྱུ་རེད། ཟླ༨པའི་ཚེས༨ཉིན་ལ་ཟི་ལིང་དུ་ཀྲུང་དབྱར་ཁོར་སྲུང་ལྟ་བཤེར་ཚན་ཆུང་ཨང་བདུན་པས་མཚོ་སྔོན་ལ་ལྟ་ཞིབ་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས་ཤིང་། ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་ཆུང་གི་ཚན་གཙོ་དབྱང་སུང་དང་། ཚན་གཙོ་གཞོན་པ་ཧུང་རུན་ཆིའུ་གཉིས་ཀྱིས་ལྟ་སྐུལ་ལས་ཀའི་ཐད་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེན་གྱིས་སྐུལ་སློང་གི་གཏམ་བཤད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

  དབྱང་སུང་གིས་འདི་སྐད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གིས་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པ་ལ་གཅིག་གྱུར་སྐུལ་སྤེལ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཞིང་། སྣོད་བཅུད་དཔལ་ཡོན་དར་སྤེལ་དང་ཁོར་སྲུང་ལས་ཀ་དེ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་དུ་བཞག་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྣོད་བཅུད་དཔལ་ཡོན་དར་སྤེལ་བྱེད་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་དེ་མཐའ་གཅིག་ཏུ་ཁག་འགན་དུ་ལེན་དགོས་པའི་བླང་བྱ་བཏོན་ཡོད། ཁོར་སྲུང་ལྟ་བཤེར་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྣོད་བཅུད་དཔལ་ཡོན་དར་སྤེལ་དང་ཁོར་སྲུང་ལ་སྐུལ་འདེད་བྱེད་སྐོར་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་པོ་བྱས་ཏེ། ཁོར་སྲུང་ལྟ་བཤེར་དེ་སྣོད་བཅུད་དཔལ་ཡོན་དར་སྤེལ་གྱི་ལས་ཀ་འགངས་ཆེན་དུ་རྩིས་ནས་དམ་འཛིན་བྱེད་དགོས་པ་དང་། ཏང་སྲིད་གཉིས་ཀྱིས་ཁོར་སྲུང་གི་འགན་འཁྲི་མཉམ་ཁུར་དང་ལས་རྐང་གཅིག་གིས་འགན་འཁྲི་གཉིས་འཁུར་བར་ཤུགས་བསྣན་དགོས་པའི་བླང་བྱ་བཏོན་ཡོད། གཞན་ཁོང་གིས་ཧེ་པེ་ཞིང་ཆེན་གྱི་ཁོར་སྲུང་ལྟ་བཤེར་ཚོད་ལྟ་བྱེད་སའི་གནས་ཚུལ་གཞིགས་ནས་གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་དང་། གནད་དོན་ཤེས་རྟོགས་ཐད་ནུས་ཤུགས་བཏོན་ནས་ཁ་ཞེ་གཉིས་མེད་ཀྱིས་སྐྱོན་བརྗོད་དག་ཐེར་ཐུབ་དགོས་པའི་བླང་བྱ་བཏོན་ནས་མཆན་བཀོད་མཛུབ་སྟོན་གནང་།  ༢༠༡༦ལོའི་ཟླ༡༢པར་ཡང་བསྐྱར་ཁོར་སྲུང་ལྟ་བཤེར་ལས་ཀར་ཤུགས་བསྣན་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་། ལྷག་པར་ཏུ་༢༠༡༧ལོའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོར་སྲུང་ལྟ་སྐུལ་ལས་ཀར་ཐེངས་དུ་མར་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཀྲུང་དབྱང་གིས་ཁོར་སྲུང་ལྟ་སྐུལ་ལ་ཤུགས་བསྣན་ཏེ་ཟིལ་ཤུགས་ཆེན་པོས་འགན་འཁྲི་དོན་འཁྱོལ་བྱེད་དུ་བཅུག་ནས་དམངས་ཀྱིས་ཡིད་ཆེས་ཤིང་། མིག་ཐོག་ལག་ཟིན་དུ་འགྱུར་བའི་ཕན་འབྲས་ཐོན་ཐུབ་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བསྟན།

  དབྱང་སུང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་ཆུང་ཨང་བདུན་པ་མཚོ་སྔོན་ཞིང་ཆེན་དུ་ཡོང་བའི་ལས་ཀ་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁོར་སྲུང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་དང་། ཁོར་སྲུང་གི་གནད་དོན་གཟེངས་ཐོན་ཐག་གཅོད། ཁོར་སྲུང་གི་འགན་གཙོ་བཞེས་མཁན་གྱི་འགན་སྒྲུབ་གནས་ཚུལ་བཅས་ལ་ལྟ་བཤེར་བྱ་རྒྱུ་དེ་ཡིན། གཙོ་བོ་ལྟ་བཤེར་གྱི་ཁྲོད་དུ་གནད་དོན་གྱི་འཛིན་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཀྲུང་དབྱང་གིས་དོ་སྣང་ཆེན་པོ་དང་། མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པའི་ཁོར་སྲུང་ཐད་ཀྱི་གནད་དོན་དང་གནད་དོན་དེ་དག་ཐག་གཅོད་བྱས་པའི་གནས་ཚུལ་ལ་ལྟ་རྟོག་ནན་མོ་བྱ་རྒྱུ་དང་། ཁོར་སྲུང་གི་སྤུས་ཚད་ངན་འགྱུར་གྱི་མངའ་ཁོངས་དང་དེ་དག་ཐེར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ། མི་དམངས་མང་ཚོགས་ཀྱིས་བསམ་འཆར་བཏོན་པའི་ཁོ་ཚོའི་ཉེ་འཁོར་གྱི་ཁོར་ཡུག་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཚན་གྱིས་ཁོར་སྲུང་གི་ལས་ནན་མོ་མ་བསྒྲུབས་པ་དང་ཡང་ན་གང་བྱུང་དུ་བསྒྲུབས་པའི་གནས་ཚུལ་ལ་ལྟ་རྟོག ས་གནས་ཀྱི་ཁོར་སྲུང་འགན་འཁྲི་དེ་ཏང་སྲིད་གཉིས་ཀྱིས་མཉམ་ཁུར་དང་ལས་གནས་གཅིག་གིས་འགན་འཁྲི་གཉིས་དང་ལེན། འགན་འཁྲི་བདའ་འདེད་ནན་མོ་ལ་སོགས་ཀྱི་ནང་རྐྱེན་ལམ་ལུགས་ལ་སྐུལ་འདེད་བྱ་རྒྱུ་བཅས་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པ་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་པ་སྙིང་བོར་བཟུང་སྟེ། འདུ་ཤེས་བཞིའི་བསམ་བློ་ཇེ་བརྟན་དུ་བཏང་ཞིང་འཕེལ་རྒྱས་ཀྱི་བསམ་བློ་གསར་བ་ལག་ལེན་དུ་བཏབས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆེན་པོ་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་པར་དངོས་གནས་དྲང་གནས་ཀྱིས་ཕན་འབྲས་ལོན་པར་ཁག་ཐེག་བྱེད་དགོས།

  ཝང་གོ་ཧྲེན་གྱིས་འདི་སྐད། ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྣོད་བཅུད་དཔལ་ཡོན་དར་སྤེལ་ལ་སྐུལ་སྤེལ་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣོད་བཅུད་དཔལ་ཡོན་དར་སྤེལ་གྱི་བསམ་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་ལག་ལེན་མཐའ་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་ཆུང་ཨང་བདུན་པ་མཚོ་སྔོན་ཞིང་ཆེན་དུ་ཡོང་བ་འདི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“7·26”ལ་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་གང་མྱུར་གྱིས་འཛུགས་སྐྲུན་བྱེད་པའི་དུས་གལ་ཆེན་ཐོག་འཁེལ་ཡོད། དེ་ནི་འགོ་རྩོམ་ས་གསར་བ་འདི་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འཐོབ་དཀའ་བའི་གོ་སྐབས་བཟང་བོ་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་སྲུང་ལ་སྐུལ་སྤེལ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་གཏང་བ་ལ་སྐུལ་མ་ཆེན་པོ་འདོན་ཐུབ། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་འདི་ཆབ་སྲིད་ཀྱི་ཉམས་ལེན་ཐེངས་ཤིག་ཏུ་བརྩིས་ནས་འདུ་ཤེས་བཞི་སྔར་བས་ཇེ་ཆེར་བཏང་སྟེ། ཏང་གཤིས་ཀྱི་རྩ་དོན་བརྟན་པོ་དང་། ཆབ་སྲིད་ཀྱི་རྣམ་འགྱུར་མངོན་གསལ་གྱི་སྟེང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་ཐད་རང་རྟོགས་ཀྱིས་ངོས་འཛིན་གསལ་བོ་བླངས་ནས་ཁོར་སྲུང་ལྟ་བཤེར་ལས་ཀར་རམ་འདེགས་བྱེད་དགོས་པ་དང་། གནད་དོན་ལ་མི་གཡོལ་ཞིང་དང་། ལས་འགན་ལྕི་ཡངས་ལ་འཁར་ར་མེད་པ། གཞན་དབང་དུ་མི་འགྲོ་བ། ལས་འགན་ཐབས་ཆག་གིས་མི་བསྒྲུབ་པར་རང་རྟོགས་ཀྱིས་ཞིབ་བཤེར་དང་ལེན་དང་གནད་དོན་ཐག་གཅོད་ཐུབ་པ་བྱ་རྒྱུ་དང་། ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ལས་ཀར་རྒྱབ་སྐྱོར་དང་རམ་འདེགས་གང་ལེགས་བྱས་ནས་ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་ནས་དག་ཐེར་ལ་དམ་འཛིན་བྱ་རྒྱུ་དང་། སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་མོ་བྱས་ནས་ཁ་བཤད་ལག་བསྟར་དང་འཕྲལ་སྒྲུབ་འཕྲལ་བཅོས། ལྟ་བཤེར་ཞོར་བཅོས་བཅས་ཀྱི་སྒོ་ནས་ལྟ་ཞིབ་ལ་རང་རྟོགས་ཀྱིས་དང་ལེན་དང་། རྒྱབ་སྐྱོར་ཆེན་པོ་བྱས་ནས་ལྟ་བཤེར་འོས་འགན་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་བསྟན།

  ཚོགས་ཐོག་ཏུ་ཧུང་རུན་ཆིའུ་ཡིས་ལྟ་བཤེར་ལ་རམ་འདེགས་དང་། ལྟ་བཤེར་ཞོར་བཅོས། ཆ་འཕྲིན་ཕྱི་གསལ་ནང་གསལ། ཆ་རྐྱེན་འགན་སྲུང་ལ་སོགས་ལེགས་པོ་བསྒྲུབ་དགོས་པའི་སྐོར་ནས་བླང་བྱ་བཏོན། ཚོགས་ཐོག་ཏུ་ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་ཆུང་གི་ཁོངས་མི་དང་རྒྱལ་ཁབ་ཁོར་སྲུང་ལྟ་བཤེར་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་མི་སྣ། མཚོ་སྔོན་ཞིང་ཆེན་ཏང་སྲིད་འགོ་ཁྲིད་དཔུང་སྡེ་དང་འགོ་ཁྲིད་གཞན་དག་དང་ཁོངས་མི་རྣམས་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་དང་སྲིད་གྲོས་ཀྱི་འགོ་ཁྲིད་གཙོ་བོ། ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཛིན་པ། ཟི་ལིང་གྲོང་ཁྱེར་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོའི་ཁོངས་མི་དང་དཔུང་སྡེའི་འགོ་ཁྲིད་ཀྱི་ཁོངས་མི་གཞན་དག་ཞུགས་ཡོད་ཅིང་། གཞན་ས་གནས་རིམ་པ་དང་གྲོང་ཁྱེར་རིམ་པ་(ཐད་གཏོགས་རྫོང) ཡི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཛིན་པ་རྣམས་ཀྱིས་ས་གནས་རང་དུ་བརྙན་འཕྲིན་བརྒྱུད་ནས་གྲོས་ཚོགས་ལ་གསན་གཟིགས་བྱས།

  བཀོད་སྒྲིག་ལྟར་དུ་ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚན་ཆུང་ཨང་བདུན་པ་དེ་ཧ་ལམ་ཟླ་གཅིག་ཡས་མས་སུ་རང་ཞིང་དུ་བཅའ་སྡོད་བྱ་རྒྱུ་ཡིན་པས། དེའི་རིང་(༢༠༡༧ལོའི་ཟླ༨པའི་ཚེས༨ཉིན་ནས་ཟླ༩བའི་ཚེས༨ཉིན་བར)ལ་ཆེད་དུ་ལས་རེས་ཁ་པར་ཨང་གྲངས་0971-6130209དང་། སྦྲགས་སྲིད་ཡིག་སྒམ་སྟེ་(西宁邮政8006号信箱)ཟི་ལིང་སྦྲགས་སྲིད་ཡིག་སྒམ་ཨང་རྟགས8006བཅས་བཀོད་སྒྲིག་བརྒྱབ་ཡོད་པ་མ་ཟད། ལྟ་བཤེར་ཚན་ཆུང་གི་ཞུ་གཏུག་ཁ་པར་དང་ལེན་གྱི་དུས་ཚོད་ཀྱང་ཉིན་རེའི་ཞོགས་པའི་ཆུ་ཚོད་8:00-20:00བར་བཀོད་སྒྲིག་བརྒྱབ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་བཤེར་ཚན་ཆུང་གི་ལས་འགན་ལ་གཞིགས་ནས་ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚན་ཆུང་གིས་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་ཁོར་སྲུང་ཁྱབ་ཁོངས་ཀྱི་ཞུ་འཕྲིན་དང་ཞུ་གཏུག་ཁ་པར་ཁོ་ནར་དང་ལེན་བྱ་རྒྱུ་ལས་དེ་དང་འབྲེལ་མེད་ཀྱི་ཡིག་བསྐུར་ངོ་བཅར་ལ་སོགས་པའི་གནད་དོན་ཞུ་གཏུག་ལ་དང་ལེན་མི་བྱེད་པས། ཞུ་གཏུག་གི་གནད་དོན་དག་གཏན་འཁེལ་ལྟར་དུ་ལྟ་བཤེར་བྱ་ཡུལ་གྱི་ས་ཁུལ་དང་ལས་ཁུངས། འབྲེལ་ཡོངས་སྡེ་ཚན་ལ་སྤྲད་དེ་ཐག་གཅོད་བྱེད་དུ་འཇུག་རྒྱུ་རེད།

  ལོ་ཙཱ་བ། ཁོན་ཐར་འཚོ།