ཝང་ཀྲིན་ཧྲིན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱེད་སྐབས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་ནས་བདེ་འཇགས་ཐོན་སྐྱེད་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

        ཟླ་བརྒྱད་པའི་ཚེས་གཉིས་ཉིན་ནས་ཚེས་དྲུག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་སྐབས་སུ་ད་རུང་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཁུལ་བཞིའི་འབྲེལ་མཚམས་ས་ཁུལ་དུ་སོང་སྟེ་ཡུལ་དངོས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་བདེ་འཇགས་བྱ་བར་ལྟ་ཞིབ་བྱས་པ་མ་ཟད། ཞིང་ཆེན་གསུམ་གྱི་ཁུལ་བཞིའི་ཉེན་དོན་རོགས་ལས་བྱ་བར་ཤུགས་སྣོན་པ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་དང་བརྗེ་རེས་བྱས།

        ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་བདེ་འཇགས་ངང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གལ་ཆེན་ལ་དམ་དུ་དམིགས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བདེ་བླག་ངང་འཚོག་པའི་བྱ་བའི་གཙོ་ཐིག་དམ་པོར་འཛིན་དགོས་པ་དང་ཞིང་ཆེན་གསུམ་གྱི་ཏང་ཨུ་དང་སྲིད་གཞུང་། སྤྱི་བདེ་ལས་ཁུངས་བཅས་ཀྱི་རིགས་སོ་སོའི་ཇུས་ཆོད་བཀོད་སྒྲིག་གཟབ་ནན་གྱིས་དོན་འཁྱོལ་བྱེད་པ། ཐུན་མོང་གི་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཉེན་དོན་རོགས་ལས་བྱ་བར་ཤུགས་སྣོན་དགོས་པ་དང་མགྱོགས་མྱུར་གྱིས་རིགས་སོ་སོའི་ཐོལ་བྱུང་རང་བཞིན་གྱི་དོན་རྐྱེན་ཐག་གཅོད་བྱེད་དགོས་ལ། རིགས་སོ་སོའི་ཁྲིམས་འགལ་བྱ་འགུལ་ལ་རྡུང་རྡེག་ནན་མོ་གཏོང་བ་དང་མཉམ་དུ་ཁྲིམས་འགལ་བྱ་སྤྱོད་སྔོན་འགོག་བྱས་ཏེ་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འཆམ་མཐུན་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

        ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་མཛུབ་སྟོན་དུ་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་གཙོ་བོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་དམིགས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་འབུར་ཐོན་གནད་དོན་ལ་རྡུང་རྡེག་དང་སྔོན་འགོག དོ་དམ་བྱེད་དགོས་པ་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་དོགས་ཟོན་བྱེད་ཐབས་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཐད་ཀྱི་དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་དོགས་ཟོན་བྱས་ཏེ་དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་འཐབ་ཇུས་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་པར་བློ་གཏད་ཆོག་པའི་བདེ་འཇགས་ཐོན་སྐྱེད་རྨང་གཞི་འདིངས་དགོས་ཟེར།