ཝང་ཅན་ཅུན་གྱིས་ཏུང་ཁྲོན་བཟོ་ལས་ར་བའི་ཁུལ་གྱི་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས།

        ཟླ་བརྒྱད་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏུང་ཁྲོན་བཟོ་ལས་ར་བའི་ཁུལ་གྱི་ཁེ་ལས་སུ་སོང་ནས། ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས། ཁོས་བསྟན་དོན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ་དང་། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། ཞིང་ཆེན་གོང་འོག་ཡོངས་ནས་ཆུ་དྭངས་མོ་དང་རི་སྔོན་པོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་དང་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་རྟོག་ཞིབ་ཚན་ཆུང་གི་བྱ་བའི་བླང་བྱ་སྟེང་གཅིག་གྱུར་བྱེད་པ། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་པ་དང་། མྱུར་ད་འགུལ་སྐྱོད་བྱེད་པ་དང་ལེགས་བཅོས་བཟང་བོ་བྱེད་པ། ཡང་བསྐྱར་གནད་དོན་མི་འབྱུང་བར་བྱས་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དག་ཐེར་ལེགས་བཅོས་ཐད་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་ཇེ་དྲག་ཏུ་གཏོང་དགོས་ཟེར།

        མཚོ་སྔོན་ཞིང་ཆེན་ཞིན་ནོར་འོད་གློག་ཚན་རྩལ་ཚད་ཡོད་ཀུང་ཟི་རུ། ཝང་ཅན་ཅུན་སྙིགས་རླངས་བཅོས་སྐྱོང་བྱེད་སར་སོང་ནས། ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་ཆས་བཀོལ་སྤྱོད་བྱེད་པ་དང་སྙིགས་རླངས་དབྱེ་འབྱེད་ཕྱིར་གཏོང་སོགས་གནས་ཚུལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། བེད་མེད་དངོས་རོ་འཁོར་སྐྱོད་བེད་སྤྱོད་བྱེད་པའི་བྱེད་ཐབས་ཐད་ནས་གྲོས་བསྡུར་བྱས། ཁོས་ནན་གྱིས་བསྟན་དོན། ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། ཐོན་ཁུངས་ཟད་འགྲོན་དང་ཁོར་ཡུག་རྒྱུ་སྤུས་ཐད་ཀྱི་ཚད་མཐའ་དམ་སྲུང་བྱེད་པ། ཁོར་ཡུག་སྲུང་སྐྱོབ་བྱ་བ་སེམས་སུ་འཛིན་པ་དང་ཕྲག་ཏུ་ལེན་པ། ལག་བསྟར་བཟང་བོ་བྱས་ནས། ཁེ་ལས་འཕེལ་རྒྱས་ཐད་ནས་རྒྱུན་སྲིང་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

        རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་གྱིས་ཁེ་ལས་ཀྱི་འགན་ཁུར་བས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་རྟོག་ཞིབ་ཐད་ཀྱི་རེ་བ་ལྟར། གང་བཤད་དེ་སྒྲུབ་བྱེད་པ་དང་། ཚད་གཞི་མཐོན་པོའི་སྒོ་ནས་དག་ཐེར་ལེགས་བཅོས་བྱས་ནས། སྲིད་གཞུང་དང་ཁེ་ལས་ལ་དཀའ་ལས་མི་བཟོ་བའི་རེ་བ་བཏོན། ཁོས་ད་དུང་ཡུལ་དངོས་ན་ཡོད་པའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་ཁེ་ལས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། འཁོར་རྒྱུག་བེད་སྤྱོད། ལག་རྩལ་གསར་སྤེལ། སྒྲིག་ཆས་བཀོལ་སྤྱོད་སོགས་ཕྱོགས་ཀྱི་ཞབས་ཞུ་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཁེ་ལས་ཀྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་མཉམ་དུ་རྟོག་ཞིབ་བྱས།