མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་དར་སྤེལ་གྱི་ལེའུ་གཉིས་པ་ཡ་ཐོད་ཀྱི་མིག་ལྟར་སྣོད་བཅུད་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཚུལ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-10 12:30:44      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

  སྔོ་ཞིང་བསངས་པའི་མཁའ་མཐར་འདྲེས་པའི་མཚེའུའི་རླབས་ཕྲེང་ནི་མུ་ཏིག་གི་ཕྲེང་རྡོག་རེ་རེ་བཞིན་འོད་དུ་འཚེར་ལ། མཚེའི་ངོས་སུ་ཆུ་བྱ་ངང་མོ་ཚོགས་དགའ་འགུའི་གང་དགར་རྩེན་པར་བྱེད། རྐྱང་དང་འབྲོང་གི་ཁྱུ་ཚོགས་སྒྱུད་ལུག་གི་རྣམ་པར་རོལ་ནས་རྩྭ་ཟ་བཞིན་བགས་ཀྱིས་རྒྱུ་ཞིང་། ནགས་ཀྱི་བྱའུ་ནགས་ལོ་ཚང་ཚིང་བཀྲ་བའི་བར་གསེང་ནས་འཕུར་བསྐྱོད་ཚུར་ལྡིང་བྱེད། གཞན་སྲ་དང་གཟིག དྲེད་མོང་། གཙོད། ཁྲུང་ཁྲུང་སོགས་འདབ་ཆགས་དང་རི་དྭགས་ཁྲི༡ལྷག་སྣོད་བཅུད་བདག་སྐྱོང་གི་ལྟ་སྲུང་དང་བདག་སྐྱོང་གི་འོག་ནས་མཚར་ལོངས་བྱུང་ཞིང་རྒྱུད་དེའི་རབས་ལེགས་པོར་བསྐྱངས་ནས་ཡོད། གནས་འདི་ནི་ཀྲུང་ཧྭའི་ཆུ་མཛོད་དང་། གཙང་གསུམ་མགོ་ཁུངས། རི་སྐྱེས་སྲོག་ཆགས་ཀྱི་གཞིས་ཁྱིམ་དུ་གྲགས་པའི་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ཡིན་པ་ལས་རི་སྐྱེས་སྲོག་ཆགས་ཀྱི་ར་བ་མ་ཡིན་པར་མི་དང་རང་བྱུང་མཉམ་གནས་ཀྱི་དག་ཞིང་ཞིག་དང་མཚོ་སྔོན་གྱི་སྣོད་བཅུད་དཔལ་ཡོན་དར་སྤེལ་བྱས་པའི་དྲང་ཐད་ཀྱི་དཔེ་མཚོན་ཞིག་རེད།

  ཟླ༨པ་ནི་གཙང་གསུམ་མགོ་ཁུངས་ཆེས་ལྟ་ན་སྡུག་པའི་དུས་ཡིན། དཔུང་རྟགས་དམར་པོ་བཏགས་པའི་སྣོད་བཅུད་ལྟ་སྲུང་བ་རྣམས་ཀྱིས་བཅིབས་རྟ་དང་ཡང་ན་འཕྲུལ་རྟར་བྱོན་པ་དང་། ཐ་ན་རྐང་ཐང་དུ་བསྐྱོད་དེ། ཉིན་རེར་གཙང་གསུམ་མགོ་ཁོངས་རྒྱལ་ཁབ་སྤྱི་གླིང་གི་མངའ་ཁོངས་ནས་ཕར་འགྲོ་ཚུར་འོང་གིས་སྣོད་བཅུད་སྐོར་སྲུང་བའི་འགན་སྒྲུབ་ལ་བྲེལ་བཞིན་ཡོད།

  སྣོད་བཅུད་ཀྱི་ཡུལ་མི་གནས་སྤོ་དང་། ཕྱུགས་ལས་གཏན་འགོག་གི་སྲིད་ཇུས་ལག་བསྟར་བྱས་རྗེས་གཙང་གསུམ་མགོ་ཁུངས་ཀྱི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཨར་ཆ་ཐང་ལ་གཡུགས་ནས་གྲོང་བརྡལ་དུ་བསྐྱོད་དེ་ལག་རྩལ་སྣ་གཅིག་ལ་སྦྱོང་བ་ཕྱིས་ཕྱིན་བྱས། ཤུལ་དུ་ལུས་པའི་འབྲོག་པ་དག་ཀུན་ཕན་ལས་གནས་སྣོད་བཅུད་ལྟ་སྲུང་བའི་ལས་སུ་ཞུགས། ༢༠༡༢ལོའི་ཟླ༡༢པའི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཤང་གི་འབྲོག་པ་བཀྲ་ཤིས་ཉི་མ་ཡང་ལྟ་སྲུང་བའི་དཔུང་ཁག་གི་དཔུང་མིར་གྱུར།

  ཁོས་འདི་སྐད། ངས་དུས་དང་རྣམ་པ་ཀུན་ཏུ་རང་སྲོག་འབེན་ལ་བཞག་ནས་རང་གི་ཁྱིམ་གཞིས་གཅེས་སྲུང་གིས་གཙང་གསུམ་མགོ་ཁོངས་ཀྱི་གནམ་མཁའ་དེ་བས་དྭངས་ལ། རི་དེ་ལས་སྔོ་བ། ཆུ་དེ་ལས་གཙང་བ། སྣོད་བཅུད་ཁོར་ཡག་དེ་ལས་མཛེས་པོར་ཡོང་བར་འབད་པ་དང་། མི་རབས་རྗེས་མ་དག་ལ་སྣོད་བཅུད་ཁོར་ཡུག་ཡག་པོ་ཞིག་དང་གསེར་རི་དང་དངུལ་རི་ལྟ་བུའི་ཡུལ་ལྗོངས་ཡག་པོ་ཞིག་སྐྱེས་སུ་འཇོག་པར་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཟེར།

  གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནི་རྨ་ཆུའི་མགོ་ཁོངས་དང་། འབྲི་ཆུའི་མགོ་ཁུངས། ཟླ་ཆུའི་མགོ་ཁུངས་བཅས་མགོ་ཁུངས་ཀྱི་གླིང་ཁུལ་གསུམ་གྱིས་གྲུབ་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12.31ཡོད་པ་དང་། གཙང་གསུམ་མགོ་ཁུངས་སྤྱིའི་རྒྱ་ཁྱོན་གྱི་31.16%ཟིན། དེར་ཤང་དང་གྲོང་རྡལ་12དང་། མི་61588། དབུལ་བོ་མི་འབོར19779བཅས་ཡོད་པ་རེད། ཞིང་ཆེན་ཞིང་འབྲོག་ཐིང་དང་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། གཙང་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་ལྟ་སྲུང་བའི་མི་འབོར་དེ་39890ལ་སླེབས་ཡོད་ཅིང་། དེའི་ནང་དུ་རྒྱལ་ཁབ་སྤྱི་གླིང་མངའ་ཁོངས་ཀྱི་ཕྱོགས་བསྡུས་སྣོད་བཅུད་ལྟ་སྲུང་བའི་གྲངས་ཀ10051ལ་ཟིན་པ་དང་། དེ་ཡང་ཞིང་ཆེན་ཡོངས་ལ་སྣོད་བཅུད་ལྟ་སྲུང་བ་42778ཡོད་པ་རེད། 2011ལོར་རྒྱལ་ཁབ་ཀྱིས་རྩྭ་སའི་སྣོད་བཅུད་སྲུང་སྐྱོབ་ཐད་ཁ་གསབ་ཀྱི་བྱ་དགའ་ཡོད་པའི་སྲིད་ཇུས་ལག་བསྟར་བྱས་ཚུན་ལ། ཞིང་ཆེན་ཡོངས་ནས་འབྲོག་ཁྱིམ་ཁྲི70ལྷག་གིས་སྲིད་ཇུས་དེ་ལོངས་སྤྱོད་བྱས།

  སྣོད་བཅུད་སྲུང་སྐྱོབ་ཀྱི་ཞོར་ཏུ་དབུལ་ཕོངས་ཀྱི་ཞྭ་མོ་ཡང་ཕུད་ཐུབ་ཡོད་པས། བལྟས་ཚོད་ཀྱིས་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་འབྲོག་པ་མང་ཚོགས་ལ་འཚོ་རྟེན་གྱི་ལས་རིགས་སྣ་གཅིག་ཇེ་མང་དུ་ཕྱིན་ཡོད་པ་དང་འདྲ་ཡང་། དེ་མཐར་གཏུག་དུས་ཡུལ་དེའི་འབྲོག་པ་མང་ཚོགས་ཀྱི་སྣོད་བཅུད་ལྟ་བ་ལ་འགྱུར་ལྡོག་བཏང་ཡོད་པ་དེ་རེད། གཙང་གསུམ་མགོ་ཁུངས་སྲུང་སྐྱོབ་ལེགས་པོ་དང་། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱེད་པ་དེ་རང་ཉིད་ལ་སྲུང་སྐྱོབ་བྱེད་དུ་བཅུག་པ་ནས་རང་ཉིད་ཀྱིས་སྲུང་སྐྱོབ་བྱེད་དགོས་པའི་ངེས་ཤེས་ཤིག་དང་། དེ་ནི་མཚོ་སྔོན་གྱི་གཡོལ་དུ་མི་རུང་བའི་འགན་འཁྲི་གལ་ཆེན་ཡིན་ཕྱིར་འཐུས་ཤོར་སྤུ་ཙམ་ཡང་འབྱུང་མི་རུང་བའི་ངེས་ཤེས་ཤིག་རང་ཤུགས་སུ་ཆགས་སུ་བཅུག་ཡོད།

  གཙང་གསུམ་མགོ་ཁུངས་མངའ་ཁུལ་གྱི་མང་ཚོགས་ཀྱི་སྣོད་བཅུད་འདུ་ཤེས་བཅོས་སྒྱུར་ནི་མཚོ་སྔོན་མཐོ་སྒང་འདིའི་གཞི་འཛིན་བུ་དང་བུ་མོ་ཁྲི་ཕྲག་གིས་རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་ཡོད་ལ་བློ་གཅིག་སེམས་གཅིག་གིས་བརྟན་སྲུང་བྱེད་པའི་བསྡུས་གཟུགས་ཙམ་ཡིན། ད་ཆ་སྣོད་བཅུད་ལྟ་བའི་འགྱུར་ལྡོག་དེ་མཚོ་སྔོན་པ་རེ་རེའི་མཚོ་བའི་ཁྲོད་སིམ་ཡོད།

  སྣོད་བཅུད་འཛུགས་སྐྲུན་ནི་མི་སོ་སོའི་བྱ་སྤྱོད་ལ་རག་ལས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུ་དང་ཞིང་ཆེན་སྲུང་གཞུང་གིས་མང་ཚོགས་རང་རྟོགས་ཀྱིས་སྣོད་བཅུད་སྲུང་སྐྱོབ་པར་འགྱུར་ཚེ་སྣོད་བཅུད་དཔལ་ཡོན་དར་སྤེལ་ལ་ད་གཟོད་ཕན་པ་ཐོགས་ཐུབ་ལ་ལས་རྒྱུན་དེ་ཡང་མུ་མཐུད་དུ་སྐྱོང་ཐུབ་པའི་ཕུགས་རྟོགས་ཡོད།

  མི་རྣམས་ཀྱིས་སྣོད་བཅུད་ཁོར་ཡུག་དེ་རང་ཉིད་ཀྱི་མིག་ཟུང་ལྟར་གཅེས་སྲུང་ལེགས་པོ་བྱེད་དགོས།

  གཙང་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་ཇི་ལྟར་བྱས་ན་དྭངས་གཙང་ཆུ་མོ་ཤར་དུ་འབབ་ཐུབ་པར་ཁག་ཐེག་བྱེད་ཐུབ་ཞེ་ན། དེ་ལ་མགོ་ཁུངས་ཀྱི་ཡུལ་མིར་ཚོ་རང་ངོས་ན་དམ་བཅའ་ཞིག་དང་ཉམས་ལེན་ཞིག་ཡོད་ངེས། དེང་རབས་ཅན་འགྱུར་གྱི་བཅའ་སྡོད་སློབ་གྲྭའི་གད་སྙིགས་ཡིག་ཆས་ལ་བརྗེ་བ་ལྟ་བུ་དང་། འབྲོག་པ་མང་ཚོགས་ཀྱིས་རང་རྟོགས་ཀྱིས་ཁོར་སྲུང་རུ་ཆུང་བཙུགས་པ་ལྟ་བུའི་བྱ་སྤྱོད་དངོས་ཀྱི་སྟེང་ནས་རི་སྐྱེས་སྲོག་ཆགས་ལ་དུས་གཏན་འཁེལ་གྱིས་རི་གསེབ་ཏུ་སྐོར་ཞིབ་བྱས་ནས་ལྐོག་རྔོན་ཅག་རྐུན་མཐར་བསྐྲད་ཅིང་། སྣོད་བཅུད་སྲུང་སྐྱོབ་དེ་མཐོ་སྒང་གི་འཛིན་མའི་གཞི་རུ་དྲིལ་སྒྲོག་ཆེན་པོ་བྱེད་ཀྱི་ཡོད།

  མང་ཚོགས་ནས་རང་འགུལ་གྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དཔེ་ནི་འདི་ལྟ་བུ་ཙམ་གྱིས་ག་ནས་ཆོགགཙང་གསུམ་མགོ་ཁུངས་ཀྱི་ལྟ་སྲུང་པ་རྣམས་ཀྱིས་སྲོལ་རྒྱུན་གྱི་ལྟ་བ་རྒྱུན་འཛིན་བྱས་ནས་ཁ་སྟོང་ཚིག་སྟོང་གི་འབོད་སྐད་མི་སྒྲོག་པར་ཁུ་སིམ་མེར་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོད་གལ་ཆེན་བསྐྲུན་པའི་ལས་ལ་བྲེལ་བཞིན་ཡོད། རྩྭ་ཐང་གི་མ་དངུལ་ཁ་གསབ་ཀྱི་བྱ་དགའ་ཡོད་པའི་སྲིད་ཇུས་ཀྱི་གྲུབ་འབྲས་ཇེ་བརྟན་དུ་གཏང་ཆེད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔ་རོལ་ཏུ་རྩྭ་ཐང་གི་སྐྱེ་ཁམས་ལྟ་སྲུང་བའི་ཀུན་ཕན་རང་བཞིན་གྱི་ལས་རྐང་ཇུས་སྒྲིག་བྱས་ནས་གཙང་གསུམ་མགོ་ཁུངས་སུ་སྤྱི་ཆིངས2000རེ་རུ་རྩྭ་ཐང་གི་ལྟ་སྲུང་བ་གཅིག་རེ་བཀོད་སྒྲིག་བརྒྱབ། ཀྲུང་དབྱང་གི་གནད་འཁེལ་དབུལ་སྐྱོར་དང་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ཚུལ་གྱི་ཇུས་གཞི་གཉིས་ཀྱི་བླང་བྱ་ལྟར་དུ། རང་ཞིང་གིས་སྣོད་བཅུད་ལྟ་སྲུང་གི་ཀུན་ཕན་ལས་རྐང་གི་ལམ་ལུགས་གསར་ཏུ་བཟོས་ནས་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱ་ཡུལ་གྱི་སྣོད་བཅུད་ལྟ་སྲུང་བའི་ཀུན་ཕན་ལས་རྐང་གི་ལམ་ལུགས་སྐོར་གྱི་ལག་བསྟར་འཆར་ཇུས་འཕྲལ་མར་གཏན་ལ་ཕབ་ཅིང་། སྔར་ཡོད་ཀྱི་ནགས་ཚལ་དང་ན་འདམ་ལྟ་སྲུང་གི་ལས་གནས་2630ཡོད་པའི་རྨང་གཞིའི་ཐོག དབུལ་བོའི་ཡིག་ཚགས་དང་བྱང་བུ་ཡོད་པའི་མི་ཚང་ལ་གཞིགས་ནས་གླིང་ཁུལ་དུ་སྣོད་བཅུད་ལྟ་སྲུང་གི་ཕྱོགས་བསྡུས་ཀུན་ཕན་ལས་གནས་7421གསར་ཏུ་བཟོས་ནས་སྒྲིག་འཛུགས་ཅན་གྱི་དོ་དམ་དང་དྲ་མིག་ཅན་གྱི་སྐོར་ཞིབ་ལམ་ལུགས་ཤིག་གཞི་རྩའི་ཐོག་བཙུགས།

  ཡ་ཐོད་ཀྱི་མིག་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་དང་། ཡ་ཆུང་གི་སྲོག་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྐྱོང་བྱེད་རྒྱུ་ནི་སྣོད་བཅུད་ལྟ་བ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་དུ་འགྱུར་ཚུལ་ཞིག་ཡིན་ལ། སྣོད་བཅུད་དཔལ་ཡོན་དར་སྤེལ་གྱི་བླང་བྱ་གསར་བ་ཞིག་ཀྱང་རེད།

  མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། ཟླ་ཆུ་གསུམ་གྱི་འབྱུང་གནས་ཡིན་པས་སྣོད་བཅུད་ཀྱི་གོ་གནས་ཧ་ཅང་གལ་ཆེ། ཆུ་བོ་གསུམ་པོའི་མགོ་ཁུངས་སྲུང་སྐྱོབ་ལེགས་པོ་དང་། ཀྲུང་ཧྭ་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱས་ན་དྭངས་གཙང་ཆུ་མོ་ཤར་དུ་འབབ་ཐུབ་པར་ཁག་ཐེག་ཐུབ་ལ་མཚོ་སྔོན་གྱི་རི་སྔོན་པོ་དང་ཆུ་གཙང་བོ་ཡང་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་པས། སྣོད་བཅུད་སྲུང་སྐྱོབ་སྔོན་སྤེལ་གྱི་བསམ་བློ་ཇེ་བརྟན་དུ་གཏོང་བ་དེ་ནི་སྲིད་ཇུས་དང་ཐབས་ཇུས་ཀྱི་མགོ་རྩོམ་ས་དེ་ཡིན་ངེས་ལ་མཇུག་བསྡུ་ས་རུ་ཡང་འགྱུར་ངེས་ཡིན།

  སྣོད་བཅུད་དཔལ་ཡོན་དར་སྤེལ་ནི་ཐོན་སྐྱེད་བྱེད་སྟངས་དང་། འཚོ་བ་རོལ་སྟངས། བསམ་བློ་གཏོང་སྟངས། རིན་ཐང་ལྟ་བ་བཅས་ཀྱི་ལ་འབྲེལ་བའི་བཅོས་སྒྱུར་ཞིག་རེད་ལ། ཕྱོགས་སོ་སོར་འབྲེལ་བའི་མ་ལག་ཅན་གྱི་ལས་གཞི་ཞིག་ཀྱང་རེད། དེ་བས་ན་སྲིད་གཞུང་དང་ཁེ་ལས། མི་སྒེར་གང་ཡིན་རུང་ཚང་མ་སྣོད་བཅུད་དཔལ་ཡོན་དར་སྤེལ་མཁན་ཡིན། ཐོན་སྐྱེད་དང་འཚོ་བའི་གོ་རིམ་ཁྲོད་དུ་རང་རྟོགས་ཀྱིས་སྣོད་བཅུད་དཔལ་ཡོན་དར་སྤེལ་གྱི་བླང་བྱ་དོན་དུ་གཉེར་འོས། ཁོར་ཡུག་གི་མདུན་ནས་ཚང་མ་འདྲ་མཉམ་ཡིན་པ་བཞིན་དུ་སྣོད་བཅུད་འཛུགས་སྐྱོང་ཡང་དེ་དང་དེ་བཞིན་ཡིན།

  ཡ་ཐོད་ཀྱི་མིག་ལྟར་སྣོད་བཅུད་སྲུང་སྐྱོབ་བྱེད་པ་དེ་བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་གཅིག་གྱུར་ཐོག་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པར་སྐུལ་འདེད་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་སྤེལ་བྱས་ནས་སྣོད་བཅུད་དཔལ་ཡོན་དར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་དེ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་དུ་བཞག་ལ་འབྲེལ་བ་དམ་པོ་ཡོད་པ་དང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་སྣོད་བཅུད་དཔལ་ཡོན་དར་སྤེལ་བྱ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་འཁྱེར་ལ་འབྲེལ་བ་དམ་པོ་ཡོད་པ་མ་ཟད། ས་གནས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྣོད་བཅུད་སྲུང་སྐྱོང་ལ་སེམས་ཤུགས་གཅིག་སྒྲིལ་གྱི་ཆོད་སེམས་དང་ཐོག་མཐའ་བར་གསུམ་དུ་ཉིན་ཐོག་ཉིན་བརྩེགས་ཀྱི་ལས་རྒྱུན་མ་ལྷོད་པར་སྐྱོང་བ་འབྲེལ་བ་དམ་པོ་ཡོད།

  ད་ཆ་མཚོ་སྔོན་མི་དམངས་ཀྱིས་སྣོད་བཅུད་དཔལ་ཡོན་དར་སྤེལ་ལ་རང་རྟོགས་ཀྱིས་རང་གི་སྟོབས་ཤུགས་འབུལ་བཞིན་ཡོད་ཅིང་། ཁོང་ཚོས་རང་རྟོགས་ཀྱི་བསམ་སྤྱོད་ལ་བརྟེན་ནས་སྣོད་བཅུད་དཔལ་ཡོན་ནི་མི་སོ་སོའི་སྔོན་བསྐྱོད་ཀྱི་དཔེ་སྟོན་པ་ཡིན་ཞེས་པའི་འདུ་ཤེས་ལག་ལེན་དུ་བསྟར་བཞིན་སྣོད་བཅུད་དཔལ་ཡོན་གྱི་དུས་རབས་གསར་བའི་ཕྱོགས་སུ་བསྐྱོད་པ་རེད།

  མི་སོ་སོ་ནང་ཞུགས་དང་མཉམ་བསྐྲུན་མཉམ་སྤྱོད་བྱས་ན་ཏན་ཏིག་བཞིས་ཁོར་སྲུང་ལ་སྐུལ་སྤེལ་བྱེད་དགོས་པའི་བླང་བྱ་གལ་ཆེན་ལྟར་དུ་དཔལ་འབྱོར་གྱི་ཞིང་ཆེན་ཆུང་ཤོས་ནས་སྣོད་བཅུད་ཀྱི་ཞིང་ཆེན་ཆེ་ཤོས་སུ་ཕྱོགས་པ་དང་། དེ་ནས་སྣོད་བཅུད་ཀྱི་ཞིང་ཆེན་སྟོབས་ཆེན་དུ་བསྒྱུར་ཐུབ་པར་ང་ཚོར་ཡིད་ཆེས་ཀྱིས་བརྟས་ཡོད་པ་མ་ཟད། རི་སྔོན་པོ་དང་ཆུ་གཙང་མོ་སྲུང་སྐྱོབ་བྱས་ནས་སྣོད་བཅུད་ཀྱིས་བསྐྲུན་པའི་ཁེ་སྤོགས་དང་བདེ་སྐྱིད་དེ་ལོངས་སུ་སྤྱོད་ཐུབ་པར་ཡང་ཡིད་ཆེས་ཀྱིས་ཁེངས་ཡོད།

  ལོ་ཙཱ་བ། ཁོན་ཐར་འཚོ།