ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་སྤུས་ཚད་ལྟ་ཞིབ་སྤྱི་ཁྱབ་ཅུའུ་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་སྟེང་མིང་རྟགས་བཀོད་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-11 10:55:30      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་སྤུས་ཚད་ལྟ་སྐུ་ཞིབ་སྤྱི་ཁྱབ་ཅུའུ་གཉིས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་བྱ་བ་སྐུལ་འདེད་བྱེད་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་སྟེང་མིང་རྟགས་བཀོད། རྒྱལ་ཁབ་སྤུས་ཚད་ལྟ་ཞིབ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀྲི་ཧྲུའུ་ཕེན་གྱིས་གཏམ་བཤད་གནང་བ་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ།

        ཀྲི་ཧྲུའུ་ཕེན་གྱིས་བསྟན་དོན། ཐེངས་འདིའི་མཉམ་ལས་གྲོས་མཐུན་སྟེང་མིང་རྟགས་བཀོད་པ་དེ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་། ལྷག་པར་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་འཕེལ་རྒྱས་སྐོར་གྱི་འགྲེལ་བརྗོད་གལ་ཆེན་གྱི་ཞིབ་ཕྲའི་ལག་ལེན་ཡང་ཡིན། སྤུས་ཚད་ལྟ་སྐུལ་ཞིབ་བཤེར་གྱི་ལག་རྩལ་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་ནས་ཏན་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པ། ཁྱད་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བླང་བྱའི་ལག་ལེན་ཞིབ་ཕྲའང་ཡིན། མཚོ་སྔོན་ནི་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་འཐབ་ཇུས་དམིགས་ས་གལ་ཆེན་ཞིག་ཡིན་པ་དང་། སྤུས་ཚད་འཛིན་པ་ནི་མཚོ་སྔོན་གྱི་ཐོན་ལས་དགེ་མཚན་རིམ་སྤོར་དང་ཕན་འབྲས་མཐོར་འདེགས་གཏོང་བར་བརྩིས་ཏེ་འཛིན་དགོས་ཤིང་། ཁྱད་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་བཟང་བོ་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་མངོན་དུ་འགྱུར་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

        ཝང་ཅན་ཅུན་གྱིས་ཤིས་ཚིག་ཁྲོད་བཤད་རྒྱུར། ཉེ་བའི་ལོ་འདི་འགར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་གྱི་མཛུབ་སྟོན་འོག་དང་། རྒྱལ་ཁབ་སྤུས་ཚད་ལྟ་ཞིབ་སྤྱི་ཁྱབ་ཅུའུ་ཡི་རོགས་རམ་སྣེ་སྟོན་འོག་ཏུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤུས་ཚད་མཐོ་བའི་ཞིང་ཆེན་འཛུགས་རྒྱུ་དམིགས་འབེན་དུ་བཟུང་ནས། སྤུས་ཚད་ལྡན་པའི་ཚོང་རྟགས་གསར་སྐྲུན་དང་སྤུས་ཚད་མཐོར་འདེགས་གཏོང་ཐབས་ཀྱི་བྱ་འགུལ་སྤེལ་བ། སྤུས་ལྡན་ལག་རྩལ་གསར་གཏོད་བྱ་བར་སྐུལ་འདེད་བྱས་ཏེ་མཁོ་འདོན་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་དང་ལྗང་མདོག་འཁོར་རྒྱུག་ཐན་ཉུང་འཕེལ་རྒྱས་བྱ་བར་ ཤུགས་ཆེན་པོས་སྐུལ་འདེད་བྱས། ཅུའུ་ཀྲང་ཀྲི་ཧྲུའུ་ཕེན་ཐེངས་འདིར་མཚོ་སྔོན་དུ་ཡོང་ནས་ཏན་ཏིག་བཞིའི་བླང་བྱ་གལ་ཆེན་གཞིར་བཟུང་སྟེ། བརྟག་དཔྱད་བྱ་བར་མཛུབ་སྟོན་དང་མཉམ་ལས་གྲོས་མཐུན་སྟེང་མིང་རྟགས་བཀོད་ནས་མཚོ་སྔོན་གྱིས་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲུང་ཡོལ་འཛུགས་སྐུན་བྱེད་པར་རྒྱབ་སྐྱོར་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པ། སྤུས་ལྡན་ལག་རྩལ་གྱི་རྨང་གཞི་ཇེ་དྲག་ཏུ་གཏོང་བ། ལས་གཞི་འཛུགས་སྐྲུན་དང་འཇོན་མི་གསོ་སྐྱོང་། ལས་མི་གསབ་སྦྱོང་བྱེད་པ་དང་བརྗེ་རེས་མཉམ་ལས་སོགས་ཀྱི་ཕྱོགས་ལ་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱས་པ་དེས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྔར་ལས་ལྷག་པའི་སྐུལ་འདེད་བྱེད་ཐུབ་མ་ཟད། ལྗང་མདོག་འཕེལ་རྒྱས་ཆུ་ཚད་ཇེ་མཐོ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་སྔར་ལས་འདྲེས་ཐུབ་པ་རེད།

        ཝང་ཅན་ཅུན་གྱིས་བཤད་རྒྱུར། ང་ཚོས་ཐེངས་འདིའི་གྲོས་མཐུན་མགོ་རྩོམ་ས་གསར་བ་ཞིག་ཏུ་འཛིན་པ་དང་གྲོས་མཐུན་དོན་འཁྱོལ་བྱེད་རྒྱུ་དེ་གལ་ཆེན་ཏུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་གསུང་བཤད་གལ་ཆེན་རབས་དང་རིམ་པ་ལྷག་པར་ཏུ་“7·26”གསུང་བཤད་གལ་ཆེའི་དགོངས་དོན་གཏིང་ཟབ་ཀྱིས་ལག་ལེན་བྱེད་པ། སྐྱེ་ཁམས་ཀྱི་རྩ་བའི་ཚད་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྲ་བརྟན་དུ་གཏོང་ངེས། ང་ཚོས་ཐེངས་འདིའི་གྲོས་མཐུན་གྱི་གོ་སྐབས་དམ་འཛིན་གྱིས་འབྲེལ་འདྲིས་བརྗེ་རེས་ཇེ་དྲག་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་མཉམ་འབྲེལ་བརྗེ་རེས་ཀྱི་རིམ་པ་དང་ཆུ་ཚད་མུ་མཐུད་དུ་བསྲ་བརྟན་གྱིས་རྒྱ་བསྐྱེད་དང་མཐོ་རུ་གཏོང་བ། མཚོ་སྔོན་གྱི་སྤུས་ཚད་ལྟ་ཞིབ་སྤྱི་ཁྱབ་ཅུའུ་གཉིས་ཀྱིས་ལྗང་མདོག་འཕེལ་རྒྱས་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་པར་སྐུལ་སློང་དང་རྒྱས་སྐྱོར་བྱས་ཏེ། མཚོ་སྔོན་དེ་ཉིད་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་ཐུབ་པ་དང་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་གྱི་མཛེས་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ངེས་ཟེར།

        ལོ་ཙཱ་བ། ལྷ་ཆེན་རྒྱལ།