ཀྲུང་གོ་ས་ཡོམ་ཅུས་ཀྱིས་གཟི་ཚྭ་སྡེ་དགུའི་ཡོམ་ཁུལ་དུ་ཉིན་ཤས་ནང་ཡོམ་འཕྲོ་རིམ་པ་6ཙམ་རྒྱག་ཉེན་ཆེན་པོ་ཡོད་ཅེས་བཤད་པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-08-12 10:25:35      རྩོམ་སྒྲིག་པ། : ཡེ་ཤེས །

             མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ས་ཡོམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཆུ་ཚོད་22དང་སྐར་མ་30ཡི་བར་གཟི་ཚྭ་སྡེ་དགུའི་ཡོམ་ཁུལ་དུ་ས་ཡོམ་ཐེངས་107བརྒྱབ་ཡོད་པ་དང་། ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བ་ལྟེ་གནས་དང་སི་ཁྲོན་ས་ཡོམ་ཅུས་སོགས་ཚན་པའི་རིགས་གཅིག་མཁས་ཅན་ཚོས་འཕྲལ་དུ་གྲོས་མོལ་བྱས་རྗེས། ཡོམ་ཁུལ་དུ་ཉིན་ཤས་ནང་ཡོམ་འཕྲོ་རིམ་པ་6ཙམ་རྒྱག་ཉེན་ཆེན་པོ་ཡོད་པའི་ངོས་འཛིན་བྱས་པ་རེད།

        ཟླ་8ཚེས་8ཉིན་གྱི་ཆུ་ཚོད་21དང་སྐར་མ་19ལ་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་གཟི་ཚྭ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་ས་ཡོམ་གཏིང་ཚད་སྤྱི་ལེ་20ཡིན་པ་རེད། ཡོམ་ལྟེ་ནས་གཟི་ཚྭ་སྡེ་དགུ་རྫོང་གྲོང་བར་སྤྱི་ལེ་35དང་། རྔ་པ་ཀྲོའུ་བར་སྤྱི་ལེ་210 ཁྲེང་ཏུའུ་གྲོང་ཁྱེར་བར་སྤྱི་ལེ་290 ཀན་སུའུ་ལུང་ནན་གྲོང་ཁྱེར་བར་སྤྱི་ལེ་100བཅས་ཡོད་པ་རེད། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན། ཉིང་ཞ། ཧྲའན་ཤིས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་མང་པོར་ཡོམ་ཚོར་མངོན་གསལ་དོད་པ་དང་ས་ཆ་ཁ་ཤས་སུ་ཡོམ་ཚོར་ཧ་ཅང་ཆེན་པོ་ཡོད་པ་རེད།

        ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བ་ལྟེ་གནས་ས་ཡོམ་སྔོན་བརྡ་པུའི་ཀྲུའུ་རེན་ཅང་ཧའེ་ཁུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ཚོད་22དང་སྐར་མ་30བར་ཡོམ་ཁུལ་དུ་ས་ཡོམ་ཐེངས་107བརྒྱབ་ཡོད། རྔ་པ་ཀྲོའུ་ཡི་ས་དབྱིབས་རྙོག་འཛིང་ཆེ་བས་ཡོམ་ཁུལ་གྱི་སྤྱི་ལེ་50ཡི་ཁྱབ་ཁོངས་སུ་མི་འབོར་འདུས་ཚད་སྤྱི་ལེ་ངོས་གྲུ་རེར་མི་9རེ་ཡོད་པ་རེད། ས་ཡོམ་བརྒྱབ་རྗེས་ཀྲུང་གོ་ས་ཡོམ་ཅུས་ཀྱིས་འཕྲལ་དུ་ས་ཡོམ་རིམ་པ་IIཡི་འཕྲལ་སྡོམ་དང་ལེན་ཞུས་ནས་རྒྱལ་ཁབ་ཀྱི་ས་ཡོམ་རྒྱག་ཁུལ་གྱི་འཕྲལ་སྡོམ་ལས་དོན་ཚོགས་ཆུང་སི་ཁྲོན་དུ་མངགས་ནས་ས་གནས་སྲིད་གཞུང་གི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་གཞོགས་འདེགས་བྱས་ཡོད་པ་རེད། ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བ་ལྟེ་གནས་དང་སི་ཁྲོན་ས་ཡོམ་ཅུས་ཀྱིས་རིམ་པ་IIཡི་འཕྲལ་སྡོམ་དང་ལེན་ཞུས་པ་དང་། ལས་ཁུངས་དྲ་བ་ལྟེ་གནས་ཀྱིས་འཕྲལ་དུ་གྲོས་མོལ་བྱས་པ། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན། ཧྲའན་ཤིས། ཉིང་ཞ་བཅས་ས་ཡོམ་ཅུས་དང་སི་ཁྲོན་རྔ་པ་ཀྲོའུ་ས་ཡོམ་ཅུས་ཀྱིས་འཕྲལ་དུ་མི་སྣ་གེགས་ཁུལ་དུ་མངགས་ནས་ས་ཡོམ་རྒྱག་ཁུལ་དུ་ས་ཡོམ་གྱི་གནས་ཚུལ་ལྟ་ཞིབ་དང་། ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ལ་བརྟག་ཞིབ། ས་ཡོམ་གནས་ཚུལ་གྱི་དུས་བབ་ལ་དབྱེ་ཞིབ། གནོད་འཚེའི་གྱོང་གུན་ལ་དཔྱད་དཔོག ཡོམ་འགོག་གེགས་སེལ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་ཡོད་པ་རེད།