བོད་ལྗོངས་སུ་བསྐྱོད་པའི་དམག་དཔུང་དང་པོ་ཅུན་ཤོག་18པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-08-11 11:31:55      རྩོམ་སྒྲིག་པ། : ཡེ་ཤེས །
       
       
             མི་དམངས་དྲ་བའི་འཕྲིན། 1950ལོར། དབུ་བརྙེས་མ་ཐག་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདུན་དུ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ལྷགས་ཡོད་པ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་གནད་དོན་རེད། དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་ཝུའུ་ཅུན་གྱིས“སྐབས་དེར་བཅིངས་འགྲོལ་བཏང་མེད་པའི་བོད་ལྗོངས་ཀྱི་ཆབ་སྲིད་གནས་བབ་ཧ་ཅང་དྲག་པོ་ཡོད་ཅིང་། བཙན་རྒྱལ་རིང་ལུགས་སྟོབས་ཤུགས་ཀྱིས་དཀྲུག་ཤིང་ངན་སྐུལ་བྱས་པའི་འོག བོད་ལྗོངས་ས་གནས་དབང་འཛིན་ལས་ཁུངས་ཀྱི་ཁ་བྲལ་རིང་ལུགས་པས་འཛེམ་བག་མེད་པར‘བོད་རང་བཙན’ཞེས་པའི་དར་ཆ་བསྒྲེངས་ནས་གོ་མིང་ཏང་གི་སྲིད་དབང་རྩ་མེད་དུ་འགྲོ་བའི་དུས་དང་བསྟུན་ནས་བོད་ལྗོངས་ཀྲུང་གོ་ནས་ཁ་བྲལ་བའི་རེ་ངན་བཅངས་ཡོད”ཅེས་བརྗོད་པ་རེད། སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོས་བོད་ལྗོངས་བཅིངས་འགྲོལ་གང་མགྱོགས་གཏོང་བ་མ་ཟད། ཞི་བའི་སྒོ་ནས་བཅིངས་འགྲོལ་གཏོང་ཐབས་བྱ་རྒྱུའི་བསམ་བློ་ཞིབ་མོ་གཏོང་བཞིན་ཡོད་པ་རེད། 1950ལོའི་ཟླ་བ་1པོར་མའོ་ཙེ་ཏུང་གིས་ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་ཅུས་དང་བྱེས་འཐབ་དམག་སྡེ་གཉིས་པས་གཙོ་བོར་བྱ་རྒྱུ་དང་། ནུབ་བྱང་ཅུས་དང་བྱེས་འཐབ་དམག་སྡེ་དང་པོས་གཞོགས་འདེགས་བྱ་རྒྱུའི་འོག བོད་ལྗོངས་བཅིངས་འགྲོལ་གཏོང་རྒྱུ་མ་ཟད་བདག་གཉེར་ཡང་བྱ་རྒྱུའི་གཏན་འབེབས་གནང་བ་རེད། སྐབས་དེར་ཅུན་ཤོགས་18པའི་ཧྲི་ཤོག་52པའི་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས་པའི་དབྱིན་ཧྥ་ཐང་གིས་ཕྱི་དྲན་བྱས་ཏེ“1950ལོའི་ལོ་འགོར་ལྷོ་ནུབ་ཅུས་ཀྱིས་ཞིབ་འཇུག་བྱས་ནས་བྱེས་འཐབ་དམག་སྡེ་གཉིས་པའི་ཅུན་ཤོག་18པས་བོད་ལྗོངས་སུ་དཔུང་འཇུག་ལས་འགན་འཁུར་རྒྱུའི་གྲོས་གཞི་བཏོན་པ་དེར་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མོས་མཐུན་གནང་བ་རེད། ཟླ་3ཚེས་4ཉིན། ཅུན་ཤོག་18པས་ལེ་ཧྲན་དུ་བོད་ལ་དཔུང་འཇུག་བྱ་རྒྱུའི་དམ་བཅའི་ཚོགས་ཆེན་འཚོགས་པ་རེད”ཅེས་ བརྗོད་པ་རེད། 1950ལོའི་ཟླ་3ཚེས་29ཉིན། ཅུན་ཤོག་18པས་གཙོ་བོར་བྱས་ཤིང་ཡུན་ནན་དམག་ཁུལ་ཁང་གི་མདའ་ཤོག་126པ་དང་། མཚོ་སྔོན་གྱི་རྟ་དམག་ཡན་ལག་རུ་ཁག ཤིན་ཅང་གི་ཐད་གཏོགས་རྟ་དམག་ཧྲི་ཤོག་གི་དཔུང་སྡེ་གཅིག་བཅས་ལས་གྲུབ་པའི་བོད་སྐྱོད་དམག་དཔུང་ཆེན་པོས་དཔུང་འཇུག་བྱེད་པའི་དུང་བརྡ་བཏང་བ་རེད།