ཡུས་ཀྲིན་ཧྲིན་གྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོ་ཁྲིད་དེ་ཞིན་ཨན་མིན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་གྱིས་ཚེས་བཅུ་གཅིག་ཉིན་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོ་ཁྲིད་དེ། ཞིན་ཨན་མིན་ལ་སོང་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

        ཡུས་ཀྲིན་ཧྲིན་སོགས་ཧན་ཧྲན་རི་བོ་སྐྱེ་ཁམས་ཉམས་གསོ་དཔེ་སྟོན་ཁུལ་དུ་སོང་ནས། སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་དང་ཁང་རྙིང་ཁུལ་བསྒྱུར་བཀོད་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཞིན་ཨན་མིན་གྱི་སྦས་ཤུགས་དང་ཁྱད་སྟོབས་ཡིན་པས། ལྗང་མདོག་གི་མིན་དར་རྒྱས་སུ་བཏང་ནས་མང་ཚོགས་ལ་ཁེ་ཕན་སྐྲུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།

        ཡུས་ཀྲིན་ཧྲིན་ཞིང་ཁར་སོང་ནས་ཆུ་འབྲས་འདེབས་པའི་ཁྱིམ་ཚང་ལ་བརྩེ་བའི་གླེང་མོལ་བྱས། ཁོས་ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མཁོ་འདོན་བྱེད་རྒྱུ་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ། ཞིན་ཨན་མིན་གྱི་ལྗང་མདོག་ཞིང་ལས་ཐོན་རྫས་ཀྱི་མཚན་སྙན་དང་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཞེས་བསྟན།

        དབྱི་ལི་ལེ་ཐི་ཀ་ཁྲ་སྡེ་བ་ནས། ཡུས་ཀྲིན་ཧྲིན་གྱིས་སྡེ་བ་ཧྲིལ་པོའི་གཞི་རིམ་ཏང་འཛུགས་དང་མི་རིགས་མཐུན་སྒྲིལ། དབུལ་སྐྱོར་མཁྲེགས་གཏོར་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཚང་མའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བའི་སྨོན་འདུན་ཞུས།

        ཞིན་ཨན་མིན་གྱི་གཟི་བརྗིད་གླིང་ནས། ཡུས་ཀྲིན་ཧྲིན་གྱིས་ས་དེ་ན་ཡོད་པའི་བློ་མཐུན་རྒན་པར་བརྩེ་བའི་འཚམས་འདྲི་ཞུས་པ་དང་། ཁོ་ཚོ་དང་མཉམ་དུ་གླེང་མོལ་བྱས།

        ཝུའུ་ལན་ཧའོ་ཐི་ན་ཡོད་པའི་ལྔ་གཅིག་ཚོགས་འདུའི་གནས་ཤུལ་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་སྲིད་དབང་ཐོག་མ་སྟེ་ནང་སོག་རང་སྐྱོང་སྲིད་གཞུང་འཛུགས་ས་རེད། ཡུས་ཀྲིན་ཧྲིན་གྱིས་པར་རིས་དང་དངོས་རྫས། བརྙན་རིས་སོགས་ཞིབ་ཏུ་བལྟས་ནས་གནས་ཚུལ་མཚམས་སྦྱོར་བྱས་པར་ཞིབ་མོར་ཉན། ཁོས་དེ་རིང་ཚང་མ་དང་མཉམ་དུ་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་དང་། རྒན་རབས་གསར་བརྗེ་པར་རྗེས་དྲན་བྱེད་ཐུབ་པ་བྱུང་། ང་ཚོས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་བགྲོད་ལམ་དུ་སྐྱོད་དགོས་ཞེས་བཤད།

        ཡུས་ཀྲིན་ཧྲིན་ཆེད་དུ་ཝུའུ་ལན་ཧའོ་ཐི་སོག་རིགས་སློབ་ཆུང་དུ་སོང་ནས་སློབ་སྒྲུབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དགེ་སློབ་རྣམས་དང་གླེང་མོལ་བྱས།

        ཡུས་ཀྲིན་ཧྲིན་གྱིས་ས་དེའི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་པར་བརྩེ་བའི་ཐུག་འཕྲད་བྱས་པ་དང་། ཞིན་ཨན་མིན་གྱིས་ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ལྟ་བ་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་ཏེ། དབུལ་ཕོངས་ལས་ཐར་ནས་འབྱོར་འབྲིང་དུ་སྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། མེས་རྒྱལ་བྱང་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོར་སྐྲུན་པ། རིགས་སོ་སོའི་མང་ཚོགས་ལ་འཚོ་བ་བཟང་པོ་རོལ་ཏུ་འཇུག་པ་བཅས་བྱས་ཏེ། ཞིན་ཨན་མིན་གྱི་སྔར་ལས་འོད་སྟོང་འབར་བའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

        ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་ཝང་ཀྲིན་ཝེ་དང་ཀྲུང་དབྱང་སོགས་འཚམས་འདྲིའི་བྱ་འགུལ་ལ་ཞུགས།